རྟེན་འབྱུང་སྒྱུ་མའི་གླུ་སྐད།

ཆབ་མདོ། འོད་འཛིན་མ།

འགྱུར་ལྡོག་འཁོར་བའི་རང་གཤིས་ངམ་ནག་མ།།
བདེ་སྡུག་ཚོར་བའི་རོ་བཅུད་མྱོང་བའི་མིར།།
རབ་བྱུང་པིར་བྲིས་ཟླ་མེད་དབྱངས་ཅན་མས།།
ཚོར་བ་སོར་རྩེར་བགྲང་ལ་ཤེས་པ་སྩོལ།།

ཟུང་འཇུག་ཉི་ཟླ་སྦྲེལ་བའི་རླབས་ཕྲེང་ལས།།
ཡིད་འོང་རི་དྭགས་རྒྱུ་བའི་རྫུ་འཕྲུལ་གྱིས།།
ཚོགས་དྲུག་སྒྱུ་མའི་འདོན་ཡོན་སྣ་ལྔ་ལ།།
ཤིན་ཏུ་མྱོང་དགའི་འདོད་པ་ཀུན་ཏུ་སྟེར།།

རབ་དཀར་སྤྲིན་པ་བྱང་རིའི་ལ་སྟོད་འཁྱིལ།།
བདག་ཡིད་ཁྲུང་ཁྲུང་ལས་ཀྱི་མཚོ་མཐར་འཕུར།།
དུང་སེམས་མེ་ཏོག་གསར་བའི་རྟེན་འབྲེལ་གྱིས།།
རྒྱང་གཟིགས་ཟླ་བ་དབྱངས་ཀྱི་འཁྲིས་སུ་ཉལ།།

ལས་འཕྲོའི་ཟུར་མིག་སྣང་བའི་གར་སྟེགས་སུ།།
རྨི་ལམ་བྱ་ཁྱུ་བཏགས་པའི་ལན་ཆགས་ཀྱིས།།
ཀུན་རྟོག་འཇའ་ཚོན་བཀྲ་བའི་འཇིག་རྟེན་དུ།།
རེ་དོགས་ཚིག་གི་རོལ་རྩེད་བསྟུད་མར་མཆེད།།

སྒྱུ་འཕྲུལ་དབྱངས་ཀྱི་ཕྱག་སྟབས་ཡངས་མོའི་ངོས།།
བསོད་ནམས་རྒྱུ་སྐར་བྱེ་བའི་སྐར་ཚོགས་བཀྲ།།
བས་མཐའི་ལས་ཀྱི་རི་དྭགས་མ་བུའི་འདང་།།
གྲོགས་མེད་ཨ་ཇོའི་ངག་ལ་རམ་འདེགས་གནང་།།

ཡིད་འོང་དྲི་བཟང་ནོར་འཛིན་ལྗང་མོའི་པང་།།
དུས་བཞི་བསིལ་རླུང་ངད་ཀྱིས་འཁྱུད་པའི་ཚེ།།
སྲོད་ཀའི་མཚམས་སྤྲིན་འདབ་སྒྲོ་བརྐྱངས་པ་ལ།།
འཆར་ཀའི་ཟླ་བ་སླར་ཡང་འཛུམ་སྟངས་བྲིས།།

ངག་རིག་སྨྱུག་གུའི་རྩིབ་ལོགས་དྲན་གདུང་གི།
དམ་ཚིག་མདུད་བརྒྱ་བཏབ་པའི་སྨོན་འདུན་གྱིས།།
ལོ་ཟླའི་བགྲང་བྱ་བཀླུབས་པའི་གསང་བ་དག།
རྒྱང་བཞུད་ཟླ་བའི་སྙན་དུ་བརྗོད་ལ་བྲེལ།།

སྙན་ངག་བདུད་རྩི་འཐུང་བའི་ལས་སྐལ་ཁྲོད།།
ཚེ་ཡི་འདུ་བྱེད་རྫོགས་ཀྱང་མི་འཚེར་བར།།
དགའ་སྐྱོ་གཞོན་གསར་བུ་ཆུང་དང་འགྲོག་སྟེ།།
ནང་སེམས་ལྷ་ལྕམ་མེ་ཏོག་བགྲེས་སུ་བཅུག།

བདག་ལ་ལོག་ཕེབས་གནང་བའི་རྒྱང་རིང་གི།
ལས་དབང་ལམ་ཕྲན་གཅིག་པའི་བྱེད་པོ་དང་།།
དབྱངས་གསལ་མུ་ཏིག་སྲུང་བའི་སྟབས་ཀ་ཡིས།།
ཚོར་བའི་ཉི་ཟེར་རྡུལ་ཚོགས་དཔུང་དུ་འདྲེན།།

འཁོར་བའི་རི་མོ་མཛེས་པའི་ཉམས་སྣང་ལ།།
ཞེན་ཆགས་སྨུག་པའི་ལག་ཟུང་བསྲིངས་པ་ནས།།
དགའ་སྡུག་སྙན་ངག་སྤྲོ་བའི་རང་གཤིས་དེ།།
འུ་གཉིས་ཐོག་མར་འཕྲད་སའི་གཞིས་སྒར་ཡིན།།

རྟོག་འཆར་རི་ལུང་ཉུལ་བའི་དུས་གསུམ་ལ།།
གཟེངས་བསྟོད་ཚིག་གི་གསེར་ཞྭ་མ་བསྐོན་ཀྱང་།།
འཆི་བའི་རང་མདངས་མ་འཆར་དེ་སྲིད་དུ།།
སྙན་ངག་སེམས་ཀྱི་ཁྱིམ་ཐབ་གྲོགས་སུ་བསྟེན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།