རྫ་ཤུལ་བློ་བཟང་། དཀར་མཛེས།
དུས་རབས་གསར་པ་ཞིག་དུས་སུ་སྨིན་པར་ཉེ་གདའ། །
སྨོན་འདུན་ཁ་གཡང་གི་འབོད་པ་མང་དུ་བྱས་དུས། །
བསོད་ནམས་དགེ་ཚོགས་ཀྱིས་བསྐྲུན་པའི་དུས་ཚིགས་བཟང་པོ། །
ང་ཚོའི་བགོ་སྐལ་དུ་ཚེས་པའི་རྟེན་འབྲེལ་འགྲིགས་བྱུང་། །
སྤྱི་ལོ་གསར་ཚེས་ཀྱི་འབོད་བརྡ་ངང་གིས་ཐོས་སོང་། །
ཤིས་བརྗོད་འགྱུར་ཁུགས་ཀྱི་དབྱངས་རྟ་ལྷང་ལྷང་སྒྲོག་དུས། །
གོམ་སྟབས་གསར་པ་ལ་རེ་བ་གསར་པ་སྨིན་ངེས། །
དུས་རབས་གསར་པ་དང་ང་ཚོའི་སྨོན་འདུན་གསར་པ། །
གཞས་ཆུང་སྙན་མོ་ཞིག་ཡིད་ཀྱི་དཀྱིལ་ནས་དྲངས་ཏེ། །
དགྱེས་འཛོམས་སྐལ་བཟང་ལ་སྨོན་པའི་འདུན་མ་བཅངས་ནས། །
ཕྱི་དྲན་མེ་ལོང་གི་ངོགས་སུ་འཆར་བའི་སྣང་བརྙན། །
བདེ་མོའི་ལག་བརྡ་དང་མཉམ་དུ་ཕར་ལ་བསྐྱལ་ཡོད། །
རྫོགས་ལྡན་དུས་ཚིགས་ཤིག་བསུ་བར་ཡང་ཡང་བྲེལ་ཏེ། །
རླུང་རྟ་དཀར་པོ་ཞིག་རི་མགོའི་རྩེ་ནས་མཆོད་ཡོད། །
ལྷ་བསང་དུད་སྤྲིན་གྱིས་ནམ་མཁའི་ངོས་སུ་འཁྲིགས་དུས།།
ལས་ལམ་ངོ་སོ་ཡང་མཐོ་བའི་རྟགས་ཤིག་རེད་གདའ། །
རྟེན་འབྱུང་ཆོས་ཉིད་ཀྱིས་གྲུབ་པའི་འཇིག་རྟེན་འདི་ནས། །
མཆོད་གསོལ་བསྟོད་བཀུར་གྱིས་བསམ་པ་ལམ་ལ་འགྲོ་འོ། །
ཤིས་བརྗོད་རྟེན་འབྲེལ་གྱི་བརྗོད་པ་རིང་ནས་འཐེན་ན། །
བསམ་པའི་དོན་འགྲུབ་ཀྱི་ཤིས་པ་རྟག་ཏུ་སྩལ་ངེས། །
ཁ་བཏགས་དཀར་པོ་ཞིག་ཁྱོད་ཀྱི་མགུལ་དུ་ཕུལ་ཡོད། །
བསམ་པ་དཀར་པོ་ཡང་ང་ཡི་སེམས་སུ་གནས་ཡོད། །
སྤྱི་ལོ་གསར་ཚེས་འདི་དཀར་པོ་གངས་ཀྱིས་མཚོན་འདྲ། །
ལེགས་པའི་ཡོན་ཏན་གྱིས་འུ་ཚོ་རྒྱན་པའི་རྟགས་རེད། །
ཚེ་རིང་ནད་མེད་ཀྱི་ཤིས་པས་རྟག་ཏུ་བསྲུངས་ནས། །
དགའ་བདེ་ཕུན་ཚོགས་ཀྱི་དཔལ་ལ་དུས་ཀུན་རོལ་བའི། །
ལྷན་འཛོམས་བདེ་སྐྱིད་ཀྱི་དགོད་སྒྲ་ཐོལ་གྱིས་སྒྲོག་དུས།།།
རྫོགས་ལྡན་གསར་བ་ཡི་དུས་སྐབས་ཚེས་པ་རྨད་བྱུང་། །
རྟ་ནོར་ལུག་གསུམ་གྱིས་རྩྭ་ཐང་མཛེས་པར་བྱས་ཤིང་། །
གང་འདོད་ལོངས་སྤྱོད་ཀྱི་ཕུན་ཚོགས་དུས་ཀུན་སྨིན་ནས། །
སྐྱེ་དགུའི་བསོད་ནམས་ཀྱི་དབུ་འཕང་དགུང་ལས་མཐོ་བའི། །
སྨོན་འདུན་གཙང་མ་ཞིག་མགྲིན་པའི་རྩེ་ནས་དྲངས་ཡོད། །
བཀྲ་ཤིས་དགེ་མཚན་གྱིས་རྟག་ཏུ་ཁྱོད་རང་སྲུངས་ཤོག །
དགེ་མཚན་སྙན་པ་དེས་དུས་ཀུན་འུ་ཅག་ལྡན་ཡོང་། །
བསམ་དོན་ལྷུན་གྲུབ་ཀྱི་ཕྱ་གཡང་ང་ཚོར་མཆིས་པས། །
དགའ་འཛུམ་དགོད་སྒྲ་ཡིས་སྤྱི་ལོ་གསར་པ་བསུ་འགྲོ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.