མེ་ཆར། ནང་ཆེན།
སྔོན་ཚེ་སྨོན་ལམ་བཟང་པོའི་ཉེར་ཚོགས་ཀྱི་མཐུ་ལས། །
རྙེད་དཀའ་མི་ལུས་རིན་ཆེན་ཐེངས་གཅིག་ལ་ཐོབ་ཀྱང་། །
ཚེ་འདི་མི་རྟག་ཁུར་མོང་རླུང་ཁྱེར་དང་མཚུངས་པས། །
སྐྱེ་འཆིའི་དགུ་ཚིགས་རིང་མོ་ངག་རྟ་རུ་དྲངས་ཡོད། །
འདིར་སྣང་འཁོར་བའི་རྨི་ལམ་ཆར་རྗེས་ཀྱི་འཇའ་ཚོན། །
བདག་མེད་རྣམ་ཤེས་འཁྱམས་པོ་རླུང་ཟད་ཀྱི་དར་ལྕོག །
མི་བརྟན་སྒྱུ་མའི་གྲོང་འདི་སྐད་ཅིག་གིས་འགྱུར་དུས། །
མི་རྟག་འཁོར་བའི་ཆོས་ལ་ཡིད་གཏད་ཅིག་མི་འདུག །
ན་ནིང་བཞད་པའི་ཁྲ་ཚོམས་དབྱར་སྐྱེས་ཀྱི་མེ་ཏོག །
གློར་བུར་སྟོན་གྱི་བ་མོས་ཡུལ་མེད་དུ་བཅོམ་སོང་། །
གཡུ་སྦྲང་གཞོན་ནུའི་ཡིད་ཀྱི་ཟེའུ་འབྲུ་ཡང་འཐོར་དུས། །
ཀྱེ་མ་མི་རྟག་ཆོས་ལ་ཡིད་རྟོན་ཞིག་ཅི་ཡོད། །
དལ་འབབ་ཡན་ལག་བརྒྱད་ལྡན་གཙང་ཆུ་ཡི་སྔོན་མོ། །
དགུན་འཁྱག་ངར་མའི་སྦུབས་སུ་དབང་མེད་དུ་ཚུད་དེ། །
གསེར་མིག་ཉ་མོའི་འཁྱུག་འགྲོས་དབང་མེད་དུ་བཅད་དུས། །
སྒྱུ་མའི་འཇིག་རྟེན་འདི་ལ་འགྲེལ་བཤད་ཀྱང་གནང་སོང་། །
ཀྱེ་ཧུད་འཁོར་བའི་ཕུན་ཚོགས་ཇི་འདྲ་ཞིག་ཡོད་ཀྱང་། །
གང་ལ་ཡིད་རྟོན་མེད་ཀྱང་རྟག་པར་དུ་བཟུང་ནས། །
བརྗོད་ན་ཟད་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་སུ། །
བསྒྲུབས་ཀྱང་རྫོགས་མཐའ་མེད་པའི་སྣ་ཚོགས་ཀྱི་བྱ་བཞག །
འདུས་བྱས་ཐམས་ཅད་སྐད་ཅིག་མི་རྟག་གི་རང་བཞིན། །
ཟག་བཅས་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རང་གཤིས། །
ནམ་འཆི་ངེས་མེད་རྒྱུ་འབྲས་བསླུ་མེད་ཀྱི་རྟེན་འབྱུང་། །
རྟག་མེད་འཁོར་བའི་མགྲོན་པོའི་འཁྲུལ་སྣང་འདི་སྐྱོ་འོ། །
ཚེ་སྲོག་མི་རྟག་མཁའ་དབྱིངས་ཆུ་འཛིན་གྱི་དབང་པོ། །
ངེས་མེད་སྐད་ཅིག་ཙམ་ལ་ལང་ལོང་དུ་གཡོ་བ། །
འཆི་རྐྱེན་མི་དྲན་འབྱོར་བའི་འཇའ་སྤྲིན་ལ་རོལ་ནས། །
ཡུན་ཐུང་མི་ཚེ་རྣམ་གཡེང་བག་མེད་དུ་ཤོར་ཐལ། །
དགའ་སྐྱོའི་ཚོར་འདུ་དྲག་པོ་བསིལ་རླུང་གིས་གཡོ་ལྟར། །
དགའ་ན་མིག་ཆུ་གཏོར་བཞིན་སོ་དཀར་དེ་འཛུམ་ཞིང་། །
སྡུག་ན་མགོ་འཕང་སྨད་དེ་སྨྲེང་གླུ་ཞིག་གྱེར་བ། །
སྐྱིད་སྡུག་ཆ་མི་སྙོམ་པ་མི་རྟག་གི་རང་གཤིས། །
སྣང་བ་བག་མེད་འཁོར་བའི་སྤྲིན་དཀར་གྱི་འདབ་མ། །
ངེས་མེད་འཕུར་ལྡིང་གར་གྱི་སྟངས་སྟབས་རང་བསྒྱུར་དུས། །
འཁོར་བའི་ལས་ཀྱི་རི་མོ་འཇའ་ཚོན་གྱི་གཤིས་ལ། །
སྐྱོ་དགའི་གར་གྱི་སྟངས་སྟབས་སྣ་ཚོགས་ཤིག་མཆིས་ཨང་། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.