༄༅། ། རྡོར་གདན་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་སོ་བཞི་པའི་སྐབས་བརྒྱད་ཁྲི་བཞི་སྟོང་ཚོགས་པས་དབྱིན་འགྱུར་གནང་བའི་རྩ་རྒྱུད་བརྟག་གཉིས་དབུ་འབྱེད་ཀྱི་མཛད་སྒོར་༼སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས། བརྒྱད་ཁྲི་བཞི་སྟོང་ཞེས་པའི་བཀའ་བསྟན་ཕབ་སྒྱུར་ཚོགས་པའི་ཕྱག་ལས་སྐོར་དང་། དཔལ་ཀྱེའི་རྡོ་རྗེའི་དབྱིན་འགྱུར་དེབ་ཀྱི་སྐོར་ལ་༽ སྩལ་བའི་བཀའ་སློབ།
བསྟན་བདག་བླ་ཆེན་རྣམ་པ་དང་། དགེ་འདུན་ཕོ་མོ་བགྲེས་གཞོན་ཚང་མར་ཞུ་རྒྱུར། ད་ལན་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་འདིར། དུས་ཁྱད་པར་ཅན་བདག་ཅག་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བ་ཤར་ཆེན་༧ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་དུས་ཆེན་དང་སྟབས་བསྟུན་ནས་སྨོན་ལམ་ཆེན་མོ་སྐབས་སུམ་ཅུ་སོ་བཞི་པ་འཚོགས་པའི་དུས་ཚོད་བྱུང་བ་རེད། དེས་ན་ཚོགས་བཅར་བ་ཚང་མར་སྙིང་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་བཀྲ་ཤིས་ལེགས་ཞུ་རྒྱུ་ཡིན།
དེ་ནས་སྐབས་སུ་བབ་པ་བརྒྱད་ཁྲི་བཞི་སྟོང་གིས་བཀའ་བསྟན་གྱིས་མཚོན་པའི་ཆོས་ཚན་མང་པོ་ཞིག་དབྱིན་སྐད་སོགས་ཕྱིའི་སྐད་ཡིག་མང་པོའི་ནང་འགྱུར་རྒྱུའི་ལས་གཞི་ཧ་ཅང་ཆེན་པོ་ཞིག རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་དང་། རླབས་ཆེན་གྱི་མཛད་འཕྲིན་འོག་ནས་དབུ་འཛུགས་གནང་བ་རེད།
ཐོག་མར་དབུ་འཛུགས་གནང་སྐབས་གོང་དུ་གསུངས་པ་བཞིན། བཀའ་འགྱུར་བསྒྱུར་བྱ་བ་དེ་བློར་ཤོང་དཀའ་བ་ཞིག་ཡིན། དེ་ཇི་ལྟར་འགྲུབ་ཡོང་བསམ་པ་ལྟ་བུ་བྱུང་ཡོད་ནའང་། མཁྱེན་བརྩེ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱི་འོག་ནས། ད་ཆ་བརྒྱ་ཆ་ལྔ་ཙམ་མ་གཏོགས་ཕལ་ཆེར་འགྲུབ་ལ་ཉེ་བ་དེ་ཤིན་ཏུ་ངོ་མཚར་ཆེན་པོ་དང་། གནད་འགག་ཆེན་པོར་གྱུར་ཡོད་དེ། འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་དེ་སངས་རྒྱས་ཀྱི་བསྟན་པ་ཡིན། རང་རེས་ཁ་ཏོན་ཙམ་ཞིག་བཏོན་ནའང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཞེས་གསུང་གི་ཡོད།
དེས་ན་རང་རེ་ནང་པའི་ཡུལ་གྲུ་གཅིག་པོ་མ་ཡིན། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པ་དང་། བདེ་བ་ལ་འགོད་སླད་ཡིན། དེ་ལ་དེང་སང་སྐད་ཡིག་དེ་སྔ་མོའི་དུས་དང་མི་འདྲ་བ་ཡིན། སྔ་མོ་ཡིན་ན། རང་རེ་བོད་ལ་ལོ་པཎ་དང་། ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ལ་སྤུས་དག་པ། མཁས་པའི་རྣམ་དཔྱོད་དང་། གྲུབ་པའི་ངོ་མཚར་སོགས་གང་གི་ཐད་ནས་ཀྱང་བསམ་གྱིས་མི་ཁྱབ་པ་བྱུང་ནའང་། རྒྱ་ཆེ་ས་ནས་རྒྱ་དཀར་ནག་ཙམ་མ་གཏོགས། ཡུལ་གྲུ་མང་པོ་ཞིག་ལ་ཁྱབ་ཐུབ་པ་དེ་གནས་དུས་གང་གི་ཆ་ནས་ཀྱང་དཀའ་བ་ཡིན།
དེང་སང་དུས་ཀྱི་འགྱུར་བ་དང་། འཕྲུལ་ཆས་སོགས་མང་པོ་ཞིག་ཡར་རྒྱས་ཕྱིན་པས། འཛམ་གླིང་ཆུང་དུ་སོང་ཟེར་བཞིན་ཡོད། ས་ཆ་ཆུང་དུ་སོང་མེད་ནའང་། འགྲིམ་འགྲུལ་སྟབས་བདེ་རུ་སོང་བས། དེང་སང་འཛམ་གླིང་ཆ་ཚང་ཉིན་གཅིག་ལ་བསྐོར་ཐུབ་པ་ཡིན། དུས་སྐབས་འདིར་སངས་རྒྱས་ཀྱི་བསྟན་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དར་ཁྱབ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན།
དེའི་སླད་དུ་བཀའ་འགྱུར་དང་བསྟན་འགྱུར་མ་བསྒྱུར་ན་ཤེས་མི་ཐུབ་པ་ཡིན། དེ་ཡང་དབྱིན་སྐད་ནང་དུ་བསྒྱུར་ཟིན་ན། སྐད་ཡིག་གཞན་ལ་འགྱུར་བར་ཅུང་ལས་སླ་བོ་ཡིན་ངེས། རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབུ་ཁྲིད་པའི་ཐོག་ནས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་མི་ཐམས་ཅད་ཀྱིས་ད་ལྟའི་བར་ཕྱག་ལས་ཧ་ཅང་གི་རྒྱ་ཆེན་པོ་དང་། རླབས་ཆེན་པོ་གནང་བ་ལ་སྙིང་ནས་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་ཏུ་བཀའ་དྲིན་ཆེ་ཞུ་བ་ཡིན།
ད་དུང་ཡིན་ནའང་འཕྲོས་ལུས་དང་། བཀའ་འགྱུར་གྱི་འགྲེལ་བ་བསྟན་འགྱུར་ཡིན་པས། དེ་དག་མུ་མཐུད་ནས་བསྒྱུར་དགོས། ད་ལན་དཔལ་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་བསྒྱུར་འདུག འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཏེ། གྲུབ་མཐའ་བཞི་དང་། རྒྱུད་སྡེ་བཞི་ཚང་མ་ཚར་ནས། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ། དེ་རྗེས་ཀྱཻ་ཡི་རྡོ་རྗེ་བརྩམ། ། གསུངས་པ་ཡིན། དེས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་དེ་ཡིན། འདི་ཉིད་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དབྱིན་སྐད་ནང་བསྒྱུར་ཏེ་དེབ་གཟུགས་སུ་དབུ་འབྱེད་བྱ་རྒྱུའི་གོ་སྐབས་ཐོབ་པ་དེར་ང་རང་ཡིན་ན་ཤིན་ཏུ་དགའ་བོ་བྱུང་།
ངས་ཤེས་ཡོན་སོགས་གང་ཐད་ནས་ཁྱེད་རྣམས་པར་ཐུགས་ཕན་གསོས་པའི་བསླབ་བྱ་རྒྱ་ཆེན་པོ་དེ་འདྲ་གང་ཡང་ཞུ་ཤེས་པ་མེད་ནའང་། ངས་ག་དུས་ཡིན་ནའང་ངས་སྨོན་ལམ་འདེབས་བཞིན་ཡོད། རླབས་ཆེན་གྱི་བྱ་བ་དེ་མཐར་ཕྱིན་པ་དང་། མཐར་ཕྱིན་པ་ཙམ་དུ་མ་ཟད་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་བ་དང་། དེ་ལྟ་བུའི་དགེ་བའི་རྩ་བ་རླབས་པོ་ཆེ་བསགས་པ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་རྒྱས་ལ་ཡུན་རིང་དུ་གནས་པ་དང་།
དེ་འཛིན་ཀུན་གྱི་གཙུག་རྒྱན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བརྒྱད་ཁྲི་བཞི་སྟོང་གི་ཕྱག་ལས་གནང་སྒོ་མཐའ་དག་གེགས་མེད་ལམ་སློང་མཐར་ཕྱིན་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབ་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་ཏོ། །
ཅེས་པའང་ཚེས་བཅུའི་དགུང་མོར་ཉིན་རྡོར་གདན་ས་དགོན་གྱི་རང་སྦྱིལ་དུ་ཨ་འདུས་སྐལ་བཟང་རྒྱ་མཚོས་ཡི་གེར་ཕབ་པ་འདིས་ཀྱང་བརྒྱད་ཁྲི་བཞི་སྟོང་གི་འགྱུར་གྱི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བར་ཞེ་ཐག་པ་ནས་སྨོན་པའོ།།
84000: Translating the Words of the Buddha
The Great Sakya Monlam Foundation
Dzongsar རྫོང་སར།
Dzongsar Jamyang Khyentse
The 42nd Sakya Trizin Ratna Vajra Rinpoche
ཨ་འདུས་ སྐལ་པེ།
ངོ་དེབ་ལས་བཏུས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.