མཐོང་སྣང་གི་རྨི་ལམ།

རྫ་ཤུལ་བློ་བཟང་། དཀར་མཛེས།

ང་ཡི་ལས་དབང་ནག་པོ་ནག་རྐྱང་བྲི། །
འཚོ་བ་ཐབས་ཆག་ཅིག་གི་ངོ་གདོང་བྲི། །
སྡུག་གཏམ་ཡིན་ཀྱང་སྐྱོ་བ་མཚོན་ཐབས་སུ། །
རང་ལ་དབང་བའི་མིང་དང་ཐ་སྙད་བྲི། །

ཁེར་རྐྱང་བུ་ལོའི་ཕུགས་བསམ་སྟོང་བ་ནི། །
འཛིན་ཐབས་དཀའ་བ་འཇའ་ཡི་རི་མོ་བཞིན། །
བསམ་གྱིན་བསམ་གྱིན་འཁོར་བའི་བྲན་གཡོག་ཏུ། །
ང་རང་ཚུད་པའི་གདུང་སེམས་ཕྲ་མོ་བྲི། །

དྲན་གྱིན་དྲན་གྱིན་སྐྱོ་བས་བཟི་འགྲོ་གདའ། །
འབྲི་བཞིན་འབྲི་བཞིན་མིག་ཆུའི་བར་དུ་ཚུད། །
སྡེ་ཆེན་མི་ཁའི་ནང་ནས་གསོན་མཁན་ང་། །
སྙན་ངག་ཅིག་གིས་སྐྱོ་རོགས་འདུག་རོགས་བྱས། །

སེམས་སུ་སྐྱོ་བ་འཐིབ་པ་གདུང་བའི་གཤིས། །
འཁོར་བའི་རི་ལས་བྲོས་ཀྱང་ཐར་ཐབས་དབེན། །
རྟོག་བཏགས་སྣང་བའི་ངོས་སུ་བལྟ་ཙ་ན། །
མཆི་མས་འགྲམ་པ་བརླན་པའི་ཚུལ་ཞིག་གདའ། །

ས་ཆེན་བགྲོད་པར་འདོད་ཀྱང་ནུས་པ་ཕྲ། །
ཕུགས་བསམ་བཙལ་བར་མོས་མོད་དཀའ་ཙམ་འདུག །
རང་སེམས་རང་གིས་མཐོང་ན་སྐྱོ་ཙམ་སྣང་། །
སྐྱོ་སྣང་ཇི་བཞིན་བཤད་ན་ཁྲེལ་མོད་ཀྱང་། །

ཕྱི་རོལ་ལྷགས་རླུང་རྒོད་པོའི་ངར་ཁ་བཙན། །
ནང་སེམས་གཅོང་ནད་ཅིག་གིས་གཟིར་བ་བཞིན། །
ངོ་གདོང་འཁྱགས་ཚུལ་མང་ཙམ་གླེང་ཙ་ན། །
སྲིད་པའི་སྡུག་བསྔལ་ལས་ཀྱང་ཆེ་ཙམ་འདུག །

དགུན་གྱི་ཁ་བས་ཕྱི་རོལ་འཇིག་རྟེན་བཀླུབས། །
སྐྱོ་བའི་སྟེང་ལ་སྐྱོ་བ་གཞན་ཞིག་སྟེར། །
སྐྱོ་གདུང་འབུམ་ཕྲག་ཅིག་གིས་མནར་བའི་ང་། །
གྲོགས་མེད་ཁེར་རྐྱང་ལོས་ཡིན་ལས་ལ་ལྟོས། །

ལ་ལུང་འགྲིམས་ཀྱང་གནས་ལུགས་མཐོང་མ་ནུས། །
རེ་འདུན་ཟབ་ཀྱང་སྐབས་ཀྱི་འཚོ་བས་བསླུས། །
འཚོ་བའི་ངན་གཤིས་ཤིག་གིས་བསླུ་བྲིད་འོག །
སྟོང་བསམ་ཁོ་ནའི་རྨི་ལམ་སྣ་ཚོགས་རྨིས། །

ཕུགས་བསམ་ཁ་ནས་བཤད་པ་མང་དྲག་སོང་། །
སྟོང་བསམ་ཡིད་ཀྱིས་དྲན་པ་ཐལ་ཆེ་སོང་། །
གཉིས་མེད་སེང་གེའི་བརྟུལ་ཞུགས་འཛིན་མཁན་ང་། །
རང་ལ་དྲན་སྐུལ་ཞིག་གིས་ཐལ་ལྕག་རྒྱོབས། །

གནས་སྐབས་བདེ་བའི་རོ་ལ་ཆགས་ཆེ་བས། །
མཐར་གྱི་རེ་འབྲས་སྨིན་པའི་གདེང་ཚོད་མེད། །
རང་བློ་རང་གིས་ཁ་ལོ་བསྒྱུར་མ་ཐུབ། །
གཞན་གྱིས་བསྐྱབ་པའི་གནས་ཤིག་ག་ལ་ཡིན། །

འཇིག་རྟེན་འཁོར་བ་སྒྱུ་མའི་ཟློས་གར་རེད། །
འཁྲུལ་སྣང་སྒྱུ་མའི་ནང་ནས་རྩེད་མཁན་ང་། །
འདོད་པ་ཐོག་ཏུ་མ་ཁེལ་སྡུག་བསྔལ་གྱིས། །
གདུང་བ་དབྱངས་སུ་གྱེར་བ་འདི་འདྲ་ཡིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།