ཟིལ་བའི་དབྱངས།

ཁམས་ཟླ་སྲས། དཔལ་ཡུལ།

འདི་ཡི་རི་ལུང་ཀུན་ཏུ་སྨུག་པ་འཐིམ། །
སྨུག་པ་དྭངས་རྗེས་ལུས་ཀྱི་ཙག་ཁ་རྒོད། །
ཙག་གིས་མི་བཟོད་རྒྱང་དུ་ཁུར་ན་ཡང་། །
ཁུར་བའི་ལོ་མ་སེར་པོ་ཉམ་ཆུང་ཨང་། །

སྣང་བའི་དབྱངས་རྟ་གཉོམ་པོ་འདི་ཞིག་ལ། །
སེམས་ཀྱི་ཚོར་བ་ལྷག་པོར་མང་བྲིས་ཏེ། །
དགྱེས་པའི་ཚེམས་དཀར་གྲོལ་བའི་ན་ཆུང་ལ། །
དགའ་བའི་དུངས་ཀ་ཟབ་པས་རྐྱེན་བྱས་སོ། །

སྲིད་པ་ལས་ཀྱིས་བཀོད་པའི་མི་ཚེའི་འོད། །
ཟོལ་མེད་འཇའ་ཡི་དབུས་སུ་ཕུབ་ཀྱང་རུང་། །
རེ་དོགས་ཆེ་བ་ཙམ་གྱིས་མ་སྤུད་པར། །
སོས་དལ་བདེ་བའི་འཚོ་གཞིས་སྐྱོང་པས་ཆོག །

གང་ཞིག་ཉམས་དགའ་མེ་ཏོག་བདེ་བའི་ཚལ། །
ཡིད་བློ་ལྷོད་དུ་གནང་སྟེ་འདུག་དུས་སུ། །
མི་ཚེ་སྟོད་ལ་ཕྱིར་དྲན་ལན་གཅིག་ཙམ། །
བྱེད་ན་སྐྱོ་བའི་སྨེང་བ་འཛད་ཅི་ཡོད། །

ཕྱོགས་མེད་དུས་ཀྱི་བང་ཁ་རྒོད་པའི་དུས། །
སྙན་ཚིག་མེ་ཏོག་འབུམ་གྱི་སྒྱུ་འཕྲུལ་ལ། །
རྣ་བ་ཀྲོང་ཀྲོང་གིས་ནི་གསན་མཛོད་དང་། །
ཞེ་སེམས་རྒྱ་མཚོའི་འཇིངས་ཀྱང་སྒུལ་བར་ངེས། །

ཚིག་གི་འཇའ་ཚོན་རིང་པོ་གསལ་མཐོང་ན། །
ཡིད་གྲོང་ས་གཞིའི་སྤང་ལ་མཛེས་སྡུག་བསྐྲུན། །
སྐད་ཅིག་ཙམ་ཡང་གོ་སྐབས་མ་ཤོར་བར། །
བདེ་བའི་ཡིད་ལ་ངལ་གསོ་ཐེངས་ཤིག་བགྱིས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།