རྒྱང་ལ་ཤོར་བའི་སེམས་གཞས། 

མེ་ཆར།    ནང་ཆེན།  

 

མཁའ་དབྱིངས་ཆུ་འཛིན་གསེབ་ནས། །

ཟླ་འོད་མག་མོག་འཆར་དུས། །

རྒྱང་ལ་ཕྱོགས་པའི་སེམས་གཞས། །

དབེན་པའི་སུལ་ནས་གྱེར་ཡོད། །

 

ཁུ་སིམ་མཚན་ལྗོངས་དཀྱིལ་ནས། །

སྐར་ཚོགས་སྤྱན་ཟུང་ལྷེམ་ལྷེམ། །

དྲན་གདུང་དྲག་པོའི་རླབས་རིས། །

འགོག་མེད་ཡིད་ལ་འཁྲིགས་སོང་། །

 

དྲན་པའི་མཁའ་དབྱིངས་ཤར་བའི། །

ཡིད་མཐུན་ཆུ་ཤེལ་དབང་པོ། །

མཚན་གཞས་དབྱངས་ལ་གྱེར་དང་། །

སེམས་གཏམ་འདི་ནས་གོ་འོང་། །

 

ལྷ་བྱ་ཁྲུང་ཁྲུང་དཀར་མོས། །

གཤོག་འགྱུར་ལྷོ་ལ་གཏད་ཀྱང་། །

མཛེས་པའི་གྲིབ་གཟུགས་ཁེར་འགྲོ། །

ས་ཆེན་དཀྱིལ་ནས་མ་ཡལ། །

 

དཔྱིད་མགོའི་མེ་ཏོག་དཀར་པོས། །

དབྱར་གྱི་དཔལ་མོ་བསུས་བྱུང་། །

སྟོན་མཇུག་སྡོང་ལོ་སེར་པོས། །

དགུན་འཁྱག་ལྷགས་རླུང་དྲངས་བྱུང་། །

 

གཟུགས་མེད་ཡིད་ཀྱི་རྣམ་ཤེས། །

ཟླ་བའི་འོད་ལ་འཁྲེང་དུས། །

གྱེས་ཁའི་ཤུགས་གླུ་རིང་མོ། །

བརྩེ་བའི་གཞས་ལ་བཀུག་ཡོད། །

 

ནམ་མཁར་སྤྲིན་པ་འཁོར་བྱུང་། །

ཆར་ཟིམ་ས་ལ་འཐོར་སོང་། །

སྟོན་ཆར་བསིལ་ཡབ་ཤམ་ཤམ། །

སེམས་ཀྱི་ཐིལ་ལ་བབས་སོང་། །

 

སྟོན་རླུང་བསིལ་བསིལ་ལྡང་བའི། །

སྟོན་ཟླ་མཇུག་མ་ཞིག་ལ། །

ཁུ་བྱུག་མོན་ཡུལ་ཆས་དུས། །

ཡིད་ཀྱི་ནགས་ཀླུང་དབེན་སོང་། །

 

མཛེས་སྡུག་དབྱར་གྱི་དཔལ་ཡོན། །

སྟོན་རླུང་ངར་མས་བདས་ནས། །

ངེས་མེད་གཞན་ཡུལ་ཆས་དུས། །

སེམས་ཀྱི་སྤང་ཐང་སྟོང་སོང་། །

 

རྟོག་པའི་ལྡེབ་རིས་ངོས་ཀྱི། །

སྐྱིད་སྡུག་འཚོ་བའི་སྣང་བརྙན། །

བརྗོད་པ་ཚིག་གིས་མི་མཚོན། །

ནང་སེམས་ཁོ་ནས་མྱང་དགོས། །

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།