ཁོམ་ལོང་མེད་པའི་ཕ་ལགས།

ཆབ་མདོ།    འོད་འཛིན་མ།

ཀ་མད་སུམ་བཅུས་གླེང་བའི་རྒྱང་རིང་གི།

ཁ་མིན་སྙིང་ནས་དྲན་པའི་ཡབ་ཆེན་ལགས།།

ག་དུས་ཡིན་ཡང་རྒྱབ་རྟེན་དུ་བཞེངས་ཤིང་།།

ང་ཡི་ལུས་སེམས་བྱིས་པ་ཁྱོད་ཀྱིས་བསྲུངས།།

 

ཅ་ཅོ་འདུ་ལོང་འཁྲིཊ་པའི་རང་ཡུལ་ནས།།

ཆ་ཡོད་ཆ་མེད་འགྲོགས་ཏེ་བྱེས་མཐར་ཉུལ།།

ཇ་སྐབས་ཙམ་ལ་ཁོམ་ལོང་མེད་པ་ཡི།།

ཉ་གང་ཟླ་བ་འདྲ་བའི་དྲིན་ཆེན་ལགས།།

 

ཏ་ཐའི་བསྟན་ལ་དད་པ་འགྱུར་མེད་ཀྱང་།།

ཐ་མལ་འཁོར་བའི་རི་གྲོང་འདི་ག་ནས།།

ད་དུང་དམ་ཆོས་བྱེད་ལོང་མི་རྙེད་པའི།།

ན་ཆུང་གཞོན་ཤ་ཉམས་པའི་ཕ་ལགས་དྲན།།

 

པ་ལོར་སེ་མདའ་ལྷུང་བའི་སྣང་བརྙན་རེ།།

ཕ་ཡུལ་རྒྱབ་ཏུ་བསྐྱུར་བའི་ཅོལ་ཆུང་ངམ།།

བ་ཉལ་གཤིས་ལ་གོམས་པའི་བུ་མོ་ཡིས།།

མ་བཅོས་ཚིག་གི་ངོས་སུ་ཡང་ཡང་འཆར།།

 

ཙ་རི་གངས་རི་སྐོར་ལ་བྲེལ་མོད་ཀྱང་།།

ཚ་གྲང་ཆ་མི་སྙོམས་པའི་འཇིག་རྟེན་ནས།།

ཛ་དྲག་ལོ་ཟླས་རྨུར་བའི་ལས་དབང་ཁྲོད།།

ཝ་ལེར་འཆི་ཆོས་འགྲུབ་པའི་ལས་སྐལ་ཕྲ།།

 

ཞྭ་ལྷམ་དངོས་པོའི་རྩེ་གྲས་བུ་ལ་སྦྱིན།།

ཟ་མ་གང་ཞིམ་རོ་བཅུད་བུ་ལ་སྟེར།།

འ་འུར་ཆཊ་སྡང་སྨྲ་བའི་མི་ཚོགས་ཁྲོད།།

ཡ་ཆུང་བུ་ལ་ཕྱོགས་པའི་ཕ་ལོ་དྲན།།

 

ར་རི་རྫུན་གྱི་དྲི་མས་མ་གོས་པའི།།

ལ་ཁའི་མཚམས་སྤྲིན་ལྟ་བུའི་སྙིང་གཏམ་འདི།།

ཤ་རུས་སྲོག་ལ་ཐིམ་པའི་ཡབ་ཆེན་ལགས།།

ས་ཐག་རིང་བའི་ས་ནས་སྤྲིངས་ཏེ་འཚལ།།

 

ཧ་ལས་ཧང་སངས་དགོས་པའི་ཚིག་མེད་ཀྱང་།།

ཨ་ཕའི་སྐྱིད་སྡུག་ཡིད་ལ་དྲན་ཐེངས་རེར།།

དམར་ཆུང་སྙིང་ལ་ཉར་བའི་ཡིག་ཚོགས་ཀྱང་།།

ང་དང་ཕ་ལོའི་བར་གྱི་བརྩེ་འདང་བྱས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།