སྟོན་ཟླའི་བསིལ་འཇམ། 

རྫ་ཤུལ་བློ་བཟང་། 

ངས་མིག་ཟུང་བཙུམས་ནས

ལྷིང་འཇགས་ཀྱི་མཁའ་དབུགས་འཚོལ་དུས

སྲང་ལམ་གྱི་འུར་ཟིང་གློ་བུར་དུ་མེད་སོང་

ཟླ་འོད་ཀྱི་བསིལ་མདངས་སྔར་ལས་ཇེ་གསལ

རི་བོ་དང་ནགས་ཚལ་གྱི་མཛེས་སྡུག་མཐོང་སོང

བརྗོད་དཀའ་བའི་ནང་སེམས་ཀྱི་དག་ཞིང་ལ

གསེར་གྱིས་བྲིས་པའི་རི་མོ་སྣ་ཚོགས་ཤིག་ངང་གིས་འབུར

 

ངས་རང་ཉིད་གཅིག་པུ་ཡིན་པར་ཚོར་དུས

ཉེ་འགྲམ་དུ་གྲུབ་གཟུགས་ལས་གཞན་མེད་པ་ཤེས

སྔར་དང་མི་འདྲ་བའི་སེམས་གཤིས་ཤིག་ཡོད་པར་རྟོགས

ད་ནི་སྨྲ་བར་ཉུང་བའི་བརྟུལ་ཞུགས་ལ་དགའ་ཚོད་ཅིག་རེད

རྒྱང་རིང་རྒྱང་རིང་ལ་སེམས་པ་འཁྲེང་བའི་རྣམ་ཤེས་ཁེར་འགྲོ

སྲིད་པའི་དགའ་སྡུག་ལ་མྱོང་ཚོར་བྱེད་མཁན་འཁོར་བའི་མགྲོན་པོ

 

བདག་གིས་འདི་ནས་ངལ་གསོ་ཞིག་གཏང་ན་འདོད་སོང་

སྡོང་ལོ་སེར་པོ་ཞིག་ས་རུ་འཐོར་བ་མཐོང་བར་མོས་སོང་

ཆུ་ཕྲན་དྭངས་མོ་དེའི་བཞུར་སྒྲ་རྣ་བར་ཉན་རྒྱུ་སྤྲོ་སོང་

བརྩེ་སེམས་ཀྱི་འཇིག་རྟེན་ན་ནག་ནོག་མེད་པར་ཤེས་རྗེས

འཁོར་བ་ལ་བལྟ་ཚུལ་གཞན་ཞིག་ཡོང་བ་གདོན་མི་ཟའོ། །

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།