དབྱངས་ལྡེའུ། ཆབ་མདོ།
མཉེན་ལྡན་གཤོག་པའི་རྩལ་གྲོལ་ཁྲུང་ཁྲུང་ཁྱུས། །
སྟོན་སྤྲིན་བང་རིམ་བརྟོལ་ནས་ལྷོར་བཞུད་དུས། །
ཉིན་ཞག་ཕར་ལ་འདས་པའི་སྨྱུག་རྩེ་ཡིས། །
སེམས་ངོགས་གསེར་མདོག་སྟོན་མཇུག་ཐ་སྙད་བྲིས། །
སྲབ་གཉེན་འདབ་མའི་རྒྱན་བཀླུབས་མེ་ཏོག་ཚོམ། །
ལང་ཚོ་རྙིང་ཧྲུལ་འགྱུར་བའི་ལྡུམ་རའི་དཀྱིལ། །
སྒྲོ་སྟེང་ཚོས་རིས་སྣ་འདུས་ཕྱེ་མ་ལེབ། །
གསོན་པའི་དོན་གྱི་སྙིང་ཏིག་སེམས་པས་སྔོག །
གྲང་ལྷགས་ཇག་པའི་རུ་མཚོན་ཐོན་སོང་ཞེས། །
ལྕང་ལོ་ཕོ་ཉ་གཞོན་ནུས་ཆུ་ངོགས་ནས། །
མི་སེམས་འཁྱག་གིས་བསྡམས་པའི་ཡིག་འབྲུ་འགའ། །
འདུ་འཛོམས་ལས་ཀྱི་གྲུ་ཟུར་མི་ལ་སྤྲིངས། །
འཆི་མེད་ལྷ་ཡི་རྫིང་བུའི་མངལ་ཁྱིམ་དུ། །
མདངས་མཛེས་ཞི་བསིལ་སྟོན་ཟླའི་ལང་ཚོ་རྒོད། །
བས་མཐའི་སྤྱིལ་བུར་བརྟེན་པའི་སྙན་ངག་པའི། །
ཚོར་ཤེས་ཀུན་དའི་འཛུམ་ཕྲེང་འདབ་མ་ཕྱེས། །
ནགས་མའི་ལྗོན་པའི་འདབ་གོས་དུས་ཀྱིས་བཤུས། །
བསིལ་དྭངས་མཚོ་མོའི་རླབས་རིས་དལ་གྱིས་འཇཊ། །
དྲན་འཛིན་ཁྱེའུ་ཁྱེར་བའི་ཕ་ཡུལ་གྱི། །
རང་བྱུང་ཁོར་མོ་ཡུག་དག་ཞེ་ལ་སིམ། །
ཀུན་གཞི་མཚོ་མོ་སྐྱོམ་པའི་ཕར་ཤེད་ན། །
འཆར་ཡན་རླབས་རིས་སྟོང་གི་འཁྱུག་གར་གྱིས། །
གྱེས་བྲལ་རླུང་གིས་ཁྱེར་བའི་ལོ་རལ་ཞིག །
རིང་ནས་ཉེ་བའི་ས་རུ་ལན་མང་དྲུད། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.