ཁམས་ཟླ་སྲས། དཔལ་ཡུལ།
བར་ཐག་རི་ཆུའི་བསྐལ་ཡང་མི་སྐྱོ་སྟེ། །
ལྷན་འཛོམས་འཚོ་བའི་སྟེས་དབང་ཟབ་མོ་ཡོད། །
རྟག་བརྟན་གམ་ལ་འབྱོར་བའི་སེམས་པ་འདི། །
ཁྱོད་རང་གང་དུ་འཚོ་ཡང་དེ་རུ་གནས། །
རྟ་བདུན་ཕར་བསྐྱོད་སར་ནས་ཁྱོད་ལ་བལྟས། །
བསིལ་ཟེར་ཚུར་ཡོང་ཕྱོགས་ནས་ཁྱོད་ལ་བསྒུགས། །
དྲན་པའི་གདུང་བ་ཡིད་ལ་འབབ་ནས་ཡོད། །
ཚིག་གི་མགུལ་རྒྱན་འདི་ཞིག་བཏེགས་ནས་ནི། །
ཁྱོད་ནི་དཀར་དམར་པདྨའི་ལྡུམ་ར་ནས། །
མ་བཅོས་འཛུམ་དཀར་གྲོལ་བའི་མཛངས་མ་སྟེ། །
བདག་ལ་དུངས་བས་བསུ་མ་བྱེད་མཁན་ཉིད། །
ཉིན་མཚན་ཁྱད་མེད་དྲན་པ་ཚོད་མེད་ཅིག །
ནམ་མཁའ་སྔོ་ཞིང་བསངས་པའི་ཕ་མཐའ་ནས། །
ཁྲུང་ཁྲུང་གཤོག་པ་ལྷེམ་ལྷེམ་འཕུར་བའི་དུས། །
ཞུ་འཕྲིན་སྙན་ཚིག་ཟླ་བའི་ཟེགས་མ་ཡང་། །
ཁྱོད་རང་ཕེབས་པའི་ཕྱོགས་སུ་ངས་འདི་སྤྲིང་། །
འུ་གཉིས་མི་འགྱུར་དམ་བཅའི་མནའ་ཚིག་དེ། །
རང་རང་སེམས་སུ་ཉར་ཏེ་དགའ་སྤྲོའི་ངང་། །
ཕན་ཚུན་བསྒུག་པའི་ལོ་ཟླ་ཡུན་བསྐྱལ་དང་། །
ཅི་ནས་ལྷན་དུ་འཚོ་བའི་ལས་དབང་ཡོད། །
ངས་ནི་ཁྱོད་རང་རྙེད་པའི་ལོ་ཟླ་ནས། །
གཞན་དག་མཛེས་མའི་མདངས་ལ་སེམས་མ་ཤོར། །
ད་དུང་དགའ་དགའི་འཛུམ་ཞིག་སྟོན་མ་མྱངས། །
དུས་ཚོད་སྐར་མ་རེ་ཡང་ཁྱོད་ལ་རྫོགས། །
ཁྱོད་ནི་ཟླ་བ་དཀར་པོའི་ཁྱིམ་རྒྱུད་ནས། །
མཛེས་པའི་ཏོག་ཏུ་རྩེན་པའི་སྐར་ཆེན་ཞིག །
བདག་གི་མུན་ནག་ཧྲིལ་བོ་སེལ་བྱས་པས། །
དགའ་སྐྱོའི་འཚོ་བ་ཁྱོད་དང་ལྷན་ཅིག་ཏུ། །
འདི་སྣང་བས་མཐའི་ཚལ་ནས་ཁྱོད་ཉིད་ལ། །
སྒུག་ནས་ཁེར་རྐྱང་མཆི་མ་རྒྱང་བསྐུར་ཏེ། །
དྲན་པའི་རྟེན་སྐལ་དབྱང༷ས་ཀྱི་མ་མ༷་ཁྱོད། །
འདུས་པའི་བྱིང་ནས་རྙེད་པས་བདག་ཡིད་ཚིམ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.