མཚེའུ།
གླུ་བ། བསམ་པའི་དོན་འགྲུབ་ལ་ཕུལ།
རྨད་ལྗོངས་མདོ་སྨད་གཡུ་ཡི་ཁུགས་སོ་ནས། །
རྨད་བྱུང་ལང་ཚོའི་གཉོམ་ལག་དལ་གྱི་སྨིན། །
རྨད་ངག་ཚངས་སྲས་གྲེ་འགྱུ་དབྱངས་དང་བརྒྱུས། །
རྨད་འོས་བསམ་པའི་མིང་ཅན་གླུ་བའི་རྒྱལ། །
ཡིད་འོང་ཕྱག་སོར་རྩལ་གྱིས་སྒྱུ་འཕྲུལ་ལས། །
ཡིད་དགའི་དབྱངས་ཀྱི་སྟེགས་བུ་གང་ཞིག་སྟེང་།།
ཡིད་འཕྲོག་གདངས་ཀྱི་གར་མའི་སྟངས་ཀ་ལ། །
ཡིད་ལྡན་བུ་ཆུང་རྣ་བ་གཡར་མ་བྱས། །
སྣ་མང་ཚིག་གི་རི་དྭགས་མིག་ཅན་དང་། །
སྣ་ཚོགས་དབྱངས་ཀྱི་སྟག་ཤར་གཞོན་པ་གཉིས། །
སྣ་མང་མེ་ཏོག་བཞད་སའི་དོ་ར་ནས། །
སྣ་ཚོགས་མི་ཡི་ཁྲོམ་དུ་བྱོན་ན་མཚར། །
དྲི་མེད་ཕ་སྐད་གཙང་མའི་ངར་རོ་འཁྱིལ། །
དྲི་ཟའི་གླིང་བུར་བསྒྲུན་པའི་སྙན་པའི་ངག །
དྲི་མེད་སྲིད་པའི་རྒྱན་དུ་གནས་གྱུར་ཚེ། །
དྲི་བྲལ་ཁྱེད་ནི་གླུ་ཡི་དབང་པོ་སྟེ། །
སྙན་འཇེབས་ཏམ་བུ་ཐོས་འཛིན་རྒྱན་གྱུར་ཚེ། །
སྙན་ཟུང་བདེ་བ་ཞིག་གིས་མཐའ་རྒྱན་བྱས། །
སྙན་ཚིག་ཞལ་སྒོ་ལས་བྱུང་གླུ་རྒྱལ་ཁྱེད། །
སྙན་སྨྲ་ཟླ་བའི་སྲས་མོས་སྲུངས་བར་མཛོད། །
ཞི་དལ་གཤིས་སྤྱོད་དལ་འབབ་རིང་མོའི་རྒྱུན། །
ཞི་བའི་དབྱངས་སྙན་རླབས་ཀྱི་ཟིལ་མ་འཕྱོ། །
ཞི་བདེ་དབྱངས་སུ་གྱེར་བའི་སྲིད་པའི་སྐད། །
ཞི་བའི་གླིང་བུའི་དབྱངས་དང་གནས་པར་མཛོད། །
ངག་གདངས་ཀུན་གསལ་བུ་མོ་འཛུམ་པ་ན། །
ངག་དུང་སྲིན་བུ་མེ་ཁྱེར་མདངས་དང་བྱོལ། །
ངག་དབང་དབྱངས་ཅན་ལྷ་མོའི་ངག་གི་རྩལ། །
ངག་གི་རྒྱལ་སྲས་ཁྱེད་ལ་འཕོས་སམ་ཅི། །
ཀུན་དགའི་འགྱུར་ཁུག་དབྱར་གྱི་རྔ་གསང་ལ། །
ཀུན་ནས་ཡིད་ལྡན་རྨ་བྱའི་སེམས་པ་འཁྲེང་། །
ཀུན་གྱི་རྣ་ལ་འཇེབས་པའི་གླུ་ཡི་མཉན། །
ཀུན་ནའང་ཁྱེད་ལྟར་མཐོང་ན་འཁྲུལ་བའི་ཤེས། །
ལེགས་མཛེས་ཀ་མད་དབྱངས་གསལ་གདངས་སུ་གྱེར། །
ལེགས་ཚོགས་ལག་ཏུ་བསྟར་བའི་ངག་གི་རྒྱལ། །
ལེགས་ལམ་གོམ་འགྲོས་ལྷོད་པོ་དལ་གྱི་སྤོ། །
ལེགས་པ་སྟོང་དང་གྱེས་ཕྱག་ཕུལ་མ་འཇོག །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.