ཁམས་ཟླ་སྲས། དཔལ་ཡུལ།
འཇའ་ཚོན་དལ་ལ་རྒྱུས་པའི་སར། །
སྣང་བའི་ཡིད་འདི་ཕྱོགས་ཐེངས་རེར། །
ཚོར་བའི་བཟི་ཁས་ཕབ་པ་ཡི། །
སྙན་ངག་ཟླ་བའི་ཀློང་ནས་མཆེད། །
ད་ཆར་དབྱར་གྱི་མཚར་སྡུག་གིས། །
མི་སེམས་སྤྲོ་བའི་བདེ་འགོད་པས། །
པད་དཀར་འཛུམ་པའི་ཐང་ཆེན་ནས། །
རྨི་ལམ་ཀློང་གི་ཁྱོད་ལ་གཏམ། །
ལན་རེ་བཞད་ཅིང་མཛེས་སྡུག་ཅན། །
ཅུང་ཙམ་ཟིན་པས་ཡལ་འགྲོ་ཡང་། །
བག་ཆགས་ཟབ་མོ་རྐྱེན་མཐུ་ལས། །
འཁོར་བའི་རྩ་བ་ཆོད་ལེ་མིན། །
ཉི་འོད་དྲོད་ལ་འཁོར་འཁོར་ནས། །
ཚིག་གི་སྐྱེམས་ཆང་མངར་མོ་དེ། །
འཐུང་པའི་འཚོ་བ་ཉམས་དགའ་ཞིང་། །
ལྷ་མོའི་བརྩེ་འཛུམ་དྲུང་ན་མཛེས། །
ཀྱེ་མ་སྲིད་པའི་རི་གཤོང་ནས། །
དགའ་སྐྱོ་ངུ་མའི་འཚོ་བ་ལ། །
སྙིང་པོ་མེད་ཙམ་ངེས་ན་ཡང་། །
འདི་ནས་ཐར་མཁན་དཀོན་པོ་ཡིན། །
བསིལ་རླུང་དལ་གྱིས་ལྡང་བའི་འོག །
སྙན་གླུ་དྲུག་འགྱུར་ལྷང་ལྷང་གིས། །
གྲགས་པ་ཕྱོགས་སུ་འཕུར་བའི་ཁྱོད། །
ཚངས་སྲས་ངག་གི་འཕྲུལ་དུ་བོབས། །
མཚམས་རེར་ནམ་མཁའ་སྔོན་པོའི་དཀྱིལ། །
ཡང་ཅིག་བལྟས་པས་ཅི་ཡང་མཐོང་། །
ལྷོད་མེད་རྒྱུ་བའི་ཞལ་ཡག་མ། །
ཡངས་པའི་ལྗོངས་སུ་རྣམ་པར་མཛེས། །
ཞེན་ཆགས་གཙང་པོའི་བཞུར་རྒྱུན་ལྟར། །
རྒྱང་ནས་རྒྱང་དུ་འབབ་ན་ཡང་། །
དགའ་དུང་ཚོར་བའི་འགྲམ་ཁ་ནས། །
བརྒལ་འདོད་ཆེ་ཡང་བརྒལ་དཀའ་ཞིག །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.