མཚེའུ།
དཀར་འཇམ་བཅོས་མིན་བྱད་ལ་ཅེར་བས་ན། །
མཁའ་ཡི་ཌཱ་ཀི་མ་ཡི་བཞིན་དང་ནོར། །
གྲེ་ཕྱུང་གདངས་དང་གར་གྱི་འཇོ་སྒེག་ནི། །
སུམ་རྩེའི་མེ་ན་ཀཱ་ཡི་སྐུ་ཡི་ཕྱེད། །
དྲི་ཟའི་གླིང་ནས་འཕོས་པའི་སྲིད་པའི་གླུ། །
འཕྱོར་ལྡེམ་སྟངས་ཀའི་གསེབ་ནས་དལ་གྱི་བསྒྲགས། །
ཚངས་དབྱངས་དྲུག་ཅུའི་མཉན་པ་གང་དེ་ཉིད། །
སྲིད་པའི་རྒྱན་དུ་ཆས་པ་འཕྱང་མོ་ཉུག །
འོད་འཚེར་སྒྱུ་རྩལ་གར་གྱི་སྟེགས་བུ་ཕོང་། །
ཟུར་མིག་འཛུམ་དམུལ་ཚེམས་དཀར་སྟར་ཕྲེང་རྒོད། །
འདྲེན་བྱེད་ཆུ་བྱུང་སྙན་འཇེབས་ང་རོ་ལ། །
མཁའ་ཉལ་རྣ་བ་གཡར་མ་བྱེད་པ་བདེན། །
ལྕུག་ཕྲན་ལུས་ཀྱི་གོམ་པའི་ལྡེམ་བསྐྱོད་ཚུལ། །
སྲེད་ལྡན་གཉིད་ཀྱི་ཞིང་ན་གཏན་དུ་རྒྱུ། །
རྒྱལ་ཀུན་གསུང་ངག་གཅིག་བསྡུས་དབྱངས་ཅན་མའི། །
སྙན་ངག་གཤེར་བས་བརླན་པ་མིན་ན་སེམས། །
གསེར་གྱི་རྣ་ཆ་ཐོས་འཛིན་རྒྱན་དུ་འཆང་། །
བསླས་མིན་སྐྲ་ནག་ཐུར་དུ་དལ་གྱི་ཉིལ། །
མཆུ་སྒྲོས་དམར་པོས་སྲེད་པའི་སྤུ་ལོང་གཡོ། །
མཛེས་རྨད་ན་ཆུང་གྲོང་གི་སྒེག་ལྡན་མ། །
གྲེ་ངག་སྙན་མོ་རྒྱུད་སྐུད་དབྱངས་ལ་དྲངས། །
འགྱུར་ཁུག་རྣ་བའི་རྒྱན་དུ་ལྷ་མོས་སྤྱུགས། །
མེ་ཏོག་གཞོན་ལ་བསྒྲུན་པའི་ལང་ཚོ་དང་། །
སྙན་འཇེབས་ངག་གི་ཟུང་ལ་ཞེ་རྩ་འཁྲེང་། །
སྙན་དབྱངས་ཟིལ་བ་ཁྲོམ་མེ་ཀུ་མུ་ད། །
འཛུམ་ཞལ་ཟླ་གསལ་གཞོན་ནུ་སྙིང་གི་ཚིལ། །
ཡིད་ཀྱི་ཚལ་དུ་བསྙེགས་པའི་འོད་མདངས་དཀར། །
ཚེ་ཡི་འགྲུལ་བཞུད་དབར་གྱི་གཏམ་རྒྱུད་ཡིན། །
སྙན་པའི་དབྱངས་ཀྱི་གྲུབ་པའི་སྤྲིན་དཀར་བཅུད། །
དྲན་འཛིན་པདྨའི་ཚལ་དུ་དལ་གྱི་འཐོར། །
གཉིད་ཀྱི་ཞིང་ལའང་ཡོད་པའི་སྣང་བརྙན་གང་། །
མིག་ལམ་མཛེས་པའི་ཁྲོད་ཀྱི་ཡང་སྙིང་ཡིན། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.