མཚེའུ།
དད་གསུམ་འཇའ་གུར་ཀློང་ན་འཛུམ་འཁྱིལ་བའི། །
རྒྱལ་ཀུན་ངག་གི་ཕུང་པོ་ཚངས་སྲས་མར། །
བསྟོད་ཚིག་པདྨ་དཀར་པོའི་ཕྲེང་ཞགས་འདི། །
དབྱར་གྱི་མེ་ཏོག་ཁྲོམ་ནས་སླར་ཡང་རྙེད། །
རྣམ་སད་ཞེ་འདང་སྣེ་མོའི་འཐེན་ཕྱོགས་ནི། །
དྲི་ཟའི་ན་ཆུང་གྲོང་གི་གར་མཁན་མའི། །
འགྱིང་ཚུལ་སྟངས་ཀ་ཞིག་གི་འཇོ་སྒེག་དང་། །
ཏབ་བུའི་ངག་གི་རྒྱལ་མོའི་འཁྲིས་སོ་བྱས། །
ཡིད་འཕྲོག་གསེར་གྱི་རྣ་ཆ་སྙན་ཟུང་རྒྱན། །
བལ་དཀར་དར་གོས་འཇམ་པོས་སྐུ་ཤ་གཡོགས། །
ནག་སྣུམ་ཟུར་ཕུད་མགོ་བོའི་ལོགས་སུ་ཉིལ། །
རིགས་ལྔའི་གསེར་གྱི་ཅོད་པན་ཐོད་དུ་བཅིངས། །
ཡིད་དགའ་སྐྱེས་འབྲས་ལེགས་རྨད་ཨུཏྤལ་གཞོན། །
འགག་མེད་དབྱངས་ཀྱི་གེ་སར་ཁྱུ་མཆོག་གང་། །
བུང་བའི་འཁོར་སློབ་ཚོགས་ཀྱི་སྐྱེད་ཚལ་དུ། །
སྤྲིན་གྱི་མེ་ཏོག་ཟོལ་གྱི་སྩོལ་བར་བསྐུལ། །
སྲེད་ཡུལ་འོ་འཛིན་ཟུང་གཅིག་དར་གྱིས་སྒྲིབ། །
སོར་བཅུ་པི་ཝང་སྐུད་ལ་ལྷོད་ཀྱི་རེག །
མུ་ཏིག་གསེར་གཡུའི་དོ་ཤལ་བྲང་དུ་འཕྱང་། །
བསྒྲུལ་བྲལ་ན་ཆུང་གྲོང་གི་སྐེད་མེད་མ། །
ཡིད་འོང་དམར་ཁ་ཚ་བའི་མཆུ་སྒྲོས་དང་། །
རྨད་བྱུང་ཚེམས་དཀར་བཞི་བཅུའི་སྟར་ཕྲེང་ལེགས། །
ལྕུག་ཕྲན་འཕྱོར་ལྡེམ་སྐུ་ལས་གཟི་འོད་འཕྲོ། །
གན་གྱི་ལྷ་དེ་ཁྱེད་ཉིད་ཡིན་ན་སེམས། །
གཏིང་མཐའ་དཔག་ཡས་དཀའ་བའི་རོ་ལྡན་མའི། །
རྦ་རླབས་མཁའ་རུ་རྩེན་པའི་སྤང་ལྗོངས་སུ། །
སྙན་འཇེབས་སྟོང་གི་རྒྱུད་མངས་འཁྲོལ་བཞིན་དུ། །
ཁོ་བོའི་གམ་དུ་གཏན་དུ་བདོག་པར་སྨོན། །
བསིལ་དཀར་ཆུ་ཤེལ་དབང་པོའི་མལ་གྱི་སྟེང་། །
འགྱིང་མའི་སྟངས་ཀ་ངོམ་པའི་མཚོ་བྱུང་མ། །
དྲན་པའི་ལྡིང་ཁང་གསེར་གྱི་ཁྲི་སྟེང་དུ། །
བཞུགས་དང་ཡིད་འདི་ཕྱག་དར་ཁོ་བོས་བྱེད། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.