དྲན་གདུང་གི་ངག

ཆབ་མདོ། འོད་འཛིན་མ།

སེམས་གངས་དཀར་གྱི་མེ་ལོང་ངོས་སུ།།
ཞལ་མེ་ཏོག་གི་གཉེར་མ་བབས་ཤིང་།།
ངག་སྨྲ་འཇམ་གྱི་བདུད་རྩི་འཁྱིལ་བའི།།
སྲོག་དམར་པོ་འདྲའི་མི་གཉིས་དྲན་བྱུང་།།

སྤྱིར་འཇིག་རྟེན་འདི་ཁ་རྒྱ་ཆེ་ལ།།
སྒོས་མི་ཚོགས་ཀྱིས་རྡུལ་ཕྲན་འཚུབ་ཀྱང་།།
ལས་སྨོན་ལམ་གྱི་དར་དཀར་སྦྲེལ་བའི།།
ཤ་མཆིན་པ་འདྲའི་མི་གཉིས་འཕྲད་བྱུང་།།

འདང་མེ་ཏོག་གི་འདབ་མ་རྒྱས་ཤིང་།།
ཞེ་དུངས་བ་ཡི་ཟེའུ་འབྲུ་སྨིན་པའི།།
ཚེ་འདི་ཕྱི་ཡི་ས་མཚམས་ཞིག་ནས།།
སྐྱིད་ཉི་མ་འདྲའི་མི་གཉིས་དྲན་བྱུང་།།

དགུང་སྐར་རྒྱན་གྱི་ཞྭ་མོ་བྱས་ཤིང་།།
ཁངས་བ་མོ་གཉིས་ལྷམ་ཆུང་བྱས་ཏེ།།
ནམས་ཉིན་མཚན་མེད་ངའི་བྲེལ་བའི།།
སྙིང་ལོག་ལོག་འདྲའི་མི་གཉིས་དྲན་བྱུང་།།

དགུན་ལྷགས་ངར་གྱི་ཁྲོད་ན་གནས་ཤིང་།།
དབྱར་ཆར་ཆུ་ཡི་གསེང་ན་འཁོར་བའི།།
ལོ་ཟླ་བ་ཡི་འཁོར་སྐྱོད་འདྲ་བའི།།
གཞིས་འཁོར་བ་ཡི་མི་གཉིས་དྲན་བྱུང་།།

སྡུག་མཆི་མའི་གླུ་མཉམ་དུ་ལེན་ཞིང་།།
སྐྱིད་དགོད་སྒྲ་ཡི་ཞེ་སེམས་གཅིག་པའི།།
ཞེ་སྤྲིན་དཀར་གྱི་མངལ་དུ་ཞུགས་པའི།།
མིག་ཁྲ་ཆུང་འདྲའི་མི་གཉིས་དྲན་བྱུང་།།

མིང་དངོས་མ་ཡང་ཐད་བརྗོད་མི་བྲ།།
ཞལ་སྒོར་སྒོར་ཐད་ཀར་མི་འཛུམ།།
ཕྱག་པད་དཀར་གྱིས་ང་རང་སྐྱོར་བའི།།
སྙིང་གསོན་པོ་འདྲའི་མི་གཉིས་དྲན་བྱུང་།།

ཚིག་ཁ་དན་གྱི་ཐམ་ཁ་མ་བྲིས།།
གནའ་དམ་ཚིག་གི་འབྲེལ་བ་མ་བཞག།
ཚེའི་བླ་མཁར་གྱི་སྒོ་ཆེན་སྲུང་བའི།།
ལྷ་ཆོས་སྐྱོང་འདྲའི་མི་གཉིས་དྲན་བྱུང་།།

ནང་ཀུན་གཞི་ཡི་བག་ཆགས་ཟབ་མོས།།
ཕྱིའི་ཚོགས་དྲུག་གི་སྨིག་རྒྱུ་འཚོལ་ཞིང་།།
སེམས་ཕྱི་ནང་གི་ཚོར་འདུ་རྒོད་པའི།།
ཚིག་སྙན་ངག་འདྲའི་མིགཉིས་དྲན་བྱུང་།།

ལུས་ཟུངས་ཁྲག་གིས་རྣམ་ཤེས་སྲུང་ཞིང་།།
སེམས་སངས་རྒྱས་ཀྱི་མིག་གིས་འཚོ་བའི།།
དྲིན་ཕ་མ་ཞེས་རླབས་ཆེན་དེ་གཉིས།།
ངའི་ཚེ་སྲོག་འདིའི་ཡན་ན་བཞུགས་ཡོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།