དབྱར་ཟླ་ལྔ་པའི་མེ་ཏོག

མེ་ཆར། ཡུལ་ཤུལ།

བདག་ཡིད་སྐྱེད་མོས་ཚལ་གྱི་དོ་ར་རུ། །
གང་གི་ཞལ་བཟང་པདྨའི་འཛུམ་ཆུང་གྲོལ། །
འདང་ཟབ་བརྩེ་བའི་འདབ་ལོ་རྣམ་པར་བཀྲ། །
རྟག་ཏུ་ཡིད་ཀྱི་ཚལ་ན་ཁྱོད་ཉིད་མཛེས། །

མཛེས་པའི་མེ་ཏོག་དབྱར་གྱི་སྤང་ལ་བཞད། །
ལས་ཀྱི་རི་མོ་སེམས་པའི་ནང་དུ་བྲིས། །
བློ་ཐུབ་གྲོགས་ཀྱི་བརྩེ་བ་འོ་མའི་མདངས། །
དྲན་པའི་གཏིང་དུ་བཞད་པའི་མེ་ཏོག་ཡིན། །

ལོ་ཟླ་སྤྲིན་དཀར་བརྩེགས་པའི་བང་རིམ་ནས། །
ནམ་ཟླའི་དྲོས་འཁྱགས་བར་ན་ལང་ཚོ་སྨིན། །
དྲོད་ཀྱི་མཐིལ་ན་རེ་བའི་འཛུམ་ཞིག་ལྡན། །
ཉི་འོད་འཇམ་ས་དེ་རུ་ཉམས་ཤིག་མངོན། །

མཚམས་སྤྲིན་ལང་ལོང་རྒྱུ་བའི་ཤུལ་ལམ་ནས། །
སྐར་ཚོགས་ཁྲི་སྟོང་མང་པོ་འོད་ལམ་ལམ། །
ལྷུང་ལྷུང་འབབ་པའི་རྫ་ཆུ་བསིལ་མ་ཡིས། །
ཁྱོད་དང་ང་ཡི་གཏམ་རྒྱུད་གྱེར་ནས་ཡོད། །

སེམས་ཀྱི་ངོགས་སུ་རྟག་ཏུ་འཛུམ་པ་ཡིས། །
སྣང་བའི་ཀློང་ན་ཁྱོད་ཀྱི་ལང་ཚོ་འབར། །
སྤང་ལྗོངས་སྔོན་མོའི་ཁུགས་ཀྱི་མེ་ཏོག་ཁྱོད། །
དུང་བ་ཞིག་གི་ཁ་དོག་མཚོན་བྱེད་ཡིན། །

ཕྱི་ཐག་གཙང་ཆུ་སྔོན་མོའི་འབབ་རྒྱུན་ལ། །
ཁྲེལ་གཞུང་གསེར་ཐག་རིང་མོའི་དམ་ཚིག་ཡོད། །
དུང་བའི་མེ་ཏོག་འདབ་བཟང་རྣམ་པར་དགོད། །
བརྩེ་བའི་བུང་བ་དེ་ཡི་འཁྲིས་སུ་འཁོར། །

དབྱར་ཟླ་འདི་ནི་དུས་ཚིགས་བཞི་ཡི་མཆོག །
སྤང་ཐང་འདི་ནི་འུ་གཉིས་རྩེད་ར་ཡིན། །
དབྱར་གྱི་སྤང་ལྗོངས་སེམས་ཀྱི་དག་ཞིང་རེད། །
ཡུལ་གྱི་མཛེས་པ་མིག་གི་ལོངས་སྤྱོད་རེད། །

བདག་གིས་ཁྱོད་ལ་སྙན་ངག་དུམ་གཅིག་བྲིས།
དེ་ཡི་མིང་ལ་དྭངས་གཙང་འཇིག་རྟེན་ཟེར། །
དབྱར་ཟླ་ལྔ་པའི་ཡིད་འཕྲོག་མེ་ཏོག་ཅིག །
དེ་ཡི་མིང་ལ་ཡིད་འོང་མཛེས་སྡུག་ཟེེར། །

སྐྱིད་སྡུག་དུས་བཞི་འགྱུར་བའི་བར་གསེང་ནས། །
རྣམ་དག་སེམས་སུ་བཞད་པའི་མེ་ཏོག་ཅིག །
ལང་ཚོ་པད་མའི་ཟེའུ་འབྲུ་འདི་ན་བརྟས། །
རྐང་དྲུག་གཞོན་ནུ་དགའ་བའི་གར་གྱིས་མྱོས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།