ཁམས་ཟླ་སྲས། དཔལ་ཡུལ།
དབྱར་གསུམ་མེ་ཏོག་རྒྱས་པའི་ལྡུམ་རའི་ནང་ནས། །
སྣང་བའི་གཞས་ཆུང་ཚིག་གི་རིས་སུ་འབེབ་དུས། །
གསེར་སྦྲང་བུང་བའི་གཤོག་རྩེ་ལྷེམ་ལྷེམ་འགུལ་དུས། །
དབྱངས་ཅན་མཛངས་མའི་ཐུགས་ཀྱི་ཡེ་ཤེས་འཚོལ་ཡོད། །
དར་མའི་སྣང་བ་སུས་ཀྱང་འགོག་ཐབས་མེད་པས། །
རེ་བའི་འདུན་མཁར་ནམ་དུ་འཕུར་འདོད་ཆེ་སོང་། །
ཡིན་ཡང་སྙིང་ལ་སྒོམ་པའི་བདུད་རྩིའི་ཐིགས་པ། །
འཛད་མེད་ཡུན་དུ་དབབ་པས་དཀའ་ལས་ཅི་གདའ། །
འདི་ན་ངག་རིག་སྙན་པའི་འཕྲུལ་ལ་འཐམ་པའི། །
གྲགས་པའི་ཟླ་འོད་འོག་ནས་གླུ་དབྱངས་ལེན་མཁན། །
དཀའ་སྐྱོའི་གཙང་པོ་བརྒལ་ཏེ་མུ་ནས་སྐྱོད་པས། །
སྣང་བའི་འཇིག་རྟེན་ངོགས་ནས་ཁེར་རྐྱང་ལུས་སོང་། །
སྙན་ངག་མཚོ་ཆེན་རླབས་ཀྱི་གྲུ་ལ་ཞུགས་ཏེ། །
ཐག་རིང་མཛའ་བོའི་ཕྱོགས་སུ་བགྲོད་ཐེངས་རེ་ལ། །
མ་བཅོས་སེམས་ཀྱི་གཏིང་གི་ཚོར་སྣང་ཟབ་མོས། །
སྙན་པའི་རིས་སུ་ངག་གི་མེ་ཏོག་བཏབ་ཆོག །
སྤྲིན་དཀར་ལང་ལོང་གཡོ་བའི་ཀུན་གསལ་མཐོངས་སུ། །
མ་བྲིས་རིང་ནས་འཛུམ་པའི་རྟ་བདུན་དབང་པོའི། །
འོད་ཀྱི་ཟེར་ལས་འཕྲོས་པའི་བྱམས་བརྩེ་འོག་ནས། །
སྙིང་སྡུག་ན་ཆུང་ངེད་གཉིས་གཞིས་ཀ་བསྲུང་རོགས། །
དབྱངས་ཀྱི་པི་ཝང་ཐོགས་པའི་གཞན་གསོས་བུ་མོ། །
མ་བོས་མགྲོན་དུ་ཕེབས་པའི་ལས་ལ་གཞིག་དུས། །
མཚོ་བྱུང་ངང་བའི་བུ་མོའི་ཐུགས་རྗེའི་མེ་ཏོག །
བདག་གི་གམ་དུ་སྙི་མེད་རིང་དུ་འཛུམ་རོགས། །
འཆར་སྣང་དབྱངས་ལ་བཏེགས་པའི་གླུ་ཆུང་དྲུག་དཀར། །
ཡིད་ཀྱི་གཙང་བོ་བརྒྱུད་དེ་གང་དུ་བཞུར་ཡང་། །
རེ་བའི་འོད་སྣང་ད་དུང་གསལ་ཙམ་མེད་ན། །
སྐྱོ་གདུང་མཆི་མའི་ངོགས་ནས་ཅི་ཞིག་མཐོང་འགྲོ། །
སྨུག་སྤྲིན་ལང་ལོང་འཐིབ་པའི་རི་གསུམ་ཐང་ནས། །
ཁེར་རྐྱང་ངག་མཁན་ཞིག་གི་གླུ་དབྱངས་འཚོལ་བཞིན། །
མཛའ་བའི་མེ་ཏོག་འཐུ་བའི་ལས་སུ་བྲེལ་དུས། །
ན་ཆུང་སྨིན་ལེགས་ཅན་པོའི་དྲུང་ལ་ཆས་སོང་། །
ངག་སྙན་དབྱངས་ཀྱི་ཅོང་བརྡ་རི་ནས་ཐོས་ཤིང་། །
གཟུགས་བཟང་མཛེས་པའི་ལང་ཚོ་མདུན་ནས་མཇལ་ན། །
ཚིག་ལ་ཚིག་གི་མདུད་པ་དམ་དུ་སྦྲེལ་ནས། །
དབུལ་རྐྱང་འཚོ་བའི་མལ་ལ་བདེ་ཞིང་སྐྱིད་པ། །
དགའ་སྐྱོ་འཁོར་བའི་འགྲམ་ནས་འཆམ་འཆམ་འགྲོ་ཞོར། །
ངག་རིག་དབྱངས་ཀྱི་རྒུན་ཆང་ཡང་ཡང་རྔུབ་བཞིན། །
ལོ་དང་ཟླ་བའི་འཕྲེད་ལ་སྙན་ངག་ཕྲིས་དང་། །
ཡིད་ཀྱི་གཏིང་ནས་ཞི་བའི་གནས་མལ་རྙེད་ཡོང་། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.