འོད་འཛིན་མ།
བརྩེ་དུང་རྒྱ་མཚོ་བསྲུབས་པའི་ཕམ་ཁ་ཡིས།།
གཞོན་པའི་སྣང་བ་བུ་དང་ཆུང་མས་ཕྲོགས།།
དར་བའི་ལང་ཚོ་ལས་དང་སྐལ་བས་བཅོམ།།
འུ་ཅག་ཕ་རྣམས་ངལ་བ་བརྗོད་མི་ལངས།།
མི་ཚེ་ཧྲིལ་བོ་བུ་དང་བུ་མོའི་དོན།།
ལུས་ཀྱི་ཟུངས་ཟད་ཤ་ཡི་སྟོབས་ཟད་བར།།
དགྲ་ལ་འཐབ་ཅིང་གཉེན་ལ་འཁོན་པ་ཡི།།
དྲིན་ཆེན་ཕ་རྣམས་འོ་བརྒྱལ་ཤིན་ཏུ་ཆེ།།
སོ་སོའི་གནས་སུ་བག་ཕེབས་མི་ཁོམ་པར།།
དཀའ་བ་བརྒྱ་ཕྲག་ངལ་བ་སྟོང་ཕྲག་གིས།།
རང་སྲོག་འབེན་ལ་བཞག་ནས་འགྲོ་དོན་ཡང་།།
བུ་དང་བུ་མོའི་ཆེད་དུ་མ་ཡིན་ནམ།།
སྐུ་ཚེ་སྟོད་སྨད་བར་གསུམ་བཟའ་ཚོའི་དོན།།
ལོ་ཟླའི་སྒལ་ཚིགས་མོད་པོ་སེམས་ཚེཊ་དང་།།
འཚོ་བ་ངན་ངོན་ཙམ་གྱིས་ཚེ་བསྐྱལ་བའི།།
ཨ་ཕ་སྲོག་གི་མཁར་རྣམས་དཀའ་དྲགས་སོང་།།
སྐྲ་བའི་མདངས་ལ་སྐར་མའི་ཟེར་མདའ་ལྷུང་།།
འཛུམ་པའི་ཞལ་ལ་ལས་ཀྱི་གཉེར་མ་བབས།།
དཔྲལ་བའི་མིག་ཟུང་གྲིབ་མའི་ཡོལ་བ་འཐེན།།
འོན་ཀྱང་ཕ་ལོ་ད་དུང་ཡིད་མི་ཆད།།
དཔའ་བོའི་གདོང་ལས་གདུག་རྩུབ་ཆེས་མངོན་ཞིང་།།
རུས་པའི་རྐང་ལ་རང་ཚུགས་རབ་བརྟན་པའི།།
བྱམས་བརྩེའི་རི་རབ་མཐོ་བའི་ཡབ་ཆེན་རྣམས།།
འཁོར་བའི་གནས་མལ་སྲུང་བའི་སྲུང་མ་ཡིན།།
འཇིགས་མེད་སྤོབས་པའི་ཕྲག་པ་སྲ་ཞིང་བརྟན།།
ངལ་མེད་བརྩོན་པའི་སྙིང་སྟོབས་ཆེ་ཞིང་བཙན།།
ཞུམ་མེད་བུ་ཡི་རྟེན་བཟང་བཞེས་མཛད་པའི།།
བརྗེད་མེད་ཕ་རྣམས་སེམས་ཀྱི་བརྗོད་བྱ་ཡིན།།
ཁྱེད་ཅག་ཡོད་ན་ཕ་ས་ཕ་ཡུལ་དང་།།
དགའ་སྡུག་མོལ་ས་རྟེན་ས་ཁེན་ས་སོཊ།།
མདོར་ན་ཨ་ཕ་ཡོད་ན་ཐམས་ཅད་ཡོད།།
བསམ་ན་ཕ་ལོ་མི་ཚེའི་ཕྱེད་ཀ་ཡིན།།
དེར་རྟེན་ཕ་རྣམས་ཀྱི་ནི་སྐུ་བསོད་ལ།།
མི་འདོད་རྐྱེན་ངན་བར་ཆད་མི་འབྱུང་ཞིང་།།
བསམ་པའི་དོན་རྣམས་གེཊ་མེད་ཡིད་བཞིན་དུ།།
འགྲུབ་ནས་དཀར་ཕྱོགས་ལྷ་ཡིས་སྲུང་བར་སྨོན།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.