ཁམས་ཟླ་སྲས། དཔལ་ཡུལ།
མཁའ་ལ་རྒྱུ་བའི་སྤྲིན་དཀར་འོག་ཏུ། །
འཇམ་མཉེན་རེག་བྱའི་ཚོར་བ་དང་ལྡན། །
འཛུམ་དཀར་མེ་ཏོག་སྙིང་ལ་སྡུག་པའི། །
ལས་ཀྱི་ལྷ་ཁྱོད་འབྲལ་བ་མ་གནང་། །
མགོ་བོ་དགྱེས་ནས་རྫིག་མདོག་མ་བྱས། །
ཀི་རིང་བཏབ་ནས་འབོད་པ་མ་བྱས། །
མི་ཕྱེད་དད་པའི་མཐོངས་ཀར་འདྲེན་བཞིན། །
བྱིན་རླབས་འཇུག་པའི་རེ་བ་འཆང་ཡོད། །
གངས་ལྷའི་འཛུམ་མདངས་མཚར་སྡུག་ཆེ་ཡང་། །
ཁུ་བྱུག་གསུང་སྐད་སྙན་གྲགས་ཆེ་ཡང་། །
མ་བཅོས་མཚོ་ཡི་སྟེང་ལ་བཞུགས་པའི། །
ལྷ་ཁྱོད་གང་གི་དོ་ཡ་མི་འདུག །
མཐའ་མེད་སྲིད་པའི་འདབས་ལ་རྒྱུག་ནས། །
གངས་རིའི་དབུ་འཕང་དགུང་ལ་མ་བསྟོད། །
ཡིད་ཀྱི་ཆོས་སྐྱོང་མཛངས་མ་མཁའ་འགྲོའི། །
ཆེ་བའི་རྟོགས་བརྗོད་རྩོམ་པར་བྲེལ་ཡང་། །
ངག་རིག་ཚིག་གི་འཕྱང་འཕྲུལ་བཏེགས་པའི། །
སྣང་ཡན་མཁན་པོའི་ཡིད་ཀྱི་འགྲམ་ནས། །
བྱིན་ཆགས་མཛེས་སྡུག་ལང་ཚོ་ངོམ་དུས། །
བདག་གི་སྙིང་ལ་ཅིར་ཡང་སྙམ་མམ། །
དགའ་སྐྱོའི་གླུ་ཆུང་འཛད་མེད་རིང་དུ། །
འགུགས་པའི་ཉམ་ཆུང་མི་ལ་གཟིགས་དང་། །
ཇི་སྲིད་འཚོ་བའི་འདབས་ནས་ལུས་པར། །
དེ་སྲིད་དབྱངས་ཀྱི་བཞུར་རྒྱན་མི་ཆད། །
རོལ་དབྱངས་ཤིག་གི་བརྗིད་ལ་མ་ཆགས། །
འབྲོག་མོ་ཞིག་གི་གཟུགས་ལ་མ་ཆགས། །
ཡིད་ཀྱི་ཆོས་སྐྱོང་ལྷ་མོ་མེ་ཏོག །
མུན་པའི་ཀློང་ནས་བདག་ཅག་དྲོངས་ཤིག །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.