སེམས་ལ་ཉར་བའི་དམ་ཚིག་གཙང་མ།

ཁམས་ཟླ་སྲས། དཔལ་ཡུལ།

ཡངས་པའི་རྩྭ་ཐང་ཞིག་གི་སྐྱེད་ཚལ་ནས། །
མཛའ་མཐུན་ལག་རྡང་སྦྲེལ་བའི་འུ་གཉིས་ཀ །
རིང་ནས་འདྲིས་པའི་ལོ་ཟླ་མང་པོ་ཞིག །
རིམ་བཞིན་རྫོགས་ཀྱང་འུ་གཉིས་སྔར་བཞིན་དུ། །

རི་ཆུའི་མཛེས་པ་ངོམས་པའི་ལུང་སྟོང་ཞིག །
བྱེའུ་ཚོགས་སྐད་ལས་གང་ཡང་མི་ཐོས་པའི། །
བདག་གི་རྣམ་ཤེས་ཐོགས་པའི་རི་སུལ་ནས། །
ཁེར་རྐྱང་བརྩེ་གཞས་ཁྱོད་ཀྱི་ཕྱོགས་སུ་སྤྲིང་། །

སྙན་འགྱུར་ངག་རིག་སྟོང་གི་ཅོང་སྒྲ་དང་། །
མ་བཅོས་སེམས་ཀློང་རྡོལ་བའི་སྙིང་གི་གཏམ། །
རྗོད་བྱེད་ཚིགས་སུ་བཅད་པའི་དབྱངས་རྟ་འདི། །
ང་རང་ཁྱོད་ལ་འཁྲེང་བའི་རྣམ་འགྱུར་ཡིན། །

ཁོ་བོའི་བརྩེ་སེམས་ངག་གི་ཕྲེང་བ་ཡིས། །
འཕྱུག་མེད་ཅི་བཞིན་གསལ་བར་མི་ནུས་ཀྱང་། །
འོན་ཏེ་ཁྱོད་ཀྱི་དྲན་པའི་མེ་ལོང་ལ། །
བདག་གི་བརྩེ་འདང་རིང་མོ་གསལ་ལེར་སྣང་། །

སྣང་བ་དབང་མེད་ཤོར་བའི་རྒྱང་རིང་གི། །
བཅོས་མིན་འཛུམ་མདངས་ངོམ་པའི་སྐྱེད་ཚལ་ན། །
ཉམས་ལྡན་སྐུ་གཟུགས་མཛེས་པའི་ལུས་ཕྲ་མ། །
དགའ་བདེའི་ཞིང་གི་མལ་ནས་བདག་ལ་གཟིགས། །

ཁོ་བོའི་དུང་ཞེན་གཞན་གྱི་ཁ་བཤད་ལས། །
གཙང་མ་གཙང་དག་གཞལ་བར་དཀའ་མོ་སྟེ། །
ཡིན་ཡང་ཁྱོད་སེམས་སྙིང་གི་དཀྱིལ་འཁོར་དུ། །
ང་ཡི་དྲན་གདུང་མ་ལུས་འཆར་ནས་ཡོད། །

སྔོ་ཐང་གཞི་ཆེན་འདི་ཡི་ཕར་ངོགས་ཀྱི། །
བག་ལྷོད་ཉམས་ཀྱིས་བྱུག་པའི་ཁོར་ཡུག་ན། །
བརྩེ་བའི་མིག་ཟུང་འཕེན་པའི་སྙིང་ཉེ་ལགས། །
འཇའ་སྤྲིན་མེ་ཏོག་གསེབ་ནས་ཐུག་འཕྲད་གནོང་། །

མཐའ་མེད་འཇིག་རྟེན་རི་གྲོང་ཀུན་ཉུལ་བའི། །
མཐོང་སྣང་རྒྱལ་ཁམས་བསྐོར་མཁན་ང་རང་མིན། །
འོན་ཏེ་སེམས་འདི་འགོག་མེད་གང་ཤར་དུ། །
ཁྱོད་ཀྱི་ཕྱོགས་སུ་རྒྱུག་པ་གྲངས་ལས་འདས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།