འོ་ཟི། (སྡེ་དགེ)
གངས་སེང་དཀར་མོའི་འགྲམ་གྱི་མཐའ་ནས།།
གངས་རིའི་ལྗོངས་སུ་བརྩེ་བར་ཕྱུག་པའི།།
མ་ཡུམ་ཞིག་གིས་བརྩེ་བ་མཐའ་དག།
དྲོད་ཀྱིས་ཁོལ་བའི་འཛུམ་མདངས་བཅས་ཏེ།།
ཁྱེེད་ཀྱི་ལག་པར་ཡང་ཡང་བཟུང་ཞིང་།།
ལོ་ཟླ་གྲངས་མེད་ཕར་ལ་བརྒལ་སོང་།།
བཞུད་ཟིན་ལོ་ཟླ་རྫོགས་མེད་ཅིག་ནས།།
ཁྱེེད་ཀྱི་སྐྱིད་སྡུག་གཉིས་ཀྱི་རྒྱབ་ཏུ།།
འཚོ་བའི་ནང་གི་རྩྭ་ཐང་ཞིག་ནས།།
མེ་ཏོག་ཁྲ་ལེམ་བཞད་པ་བཞིན་དུ།།
དགའ་སྐྱོ་འདྲེས་མའི་འཁོར་བ་ཞིག་ནས།།
སྤང་ལྗོངས་ཤིག་ནས་དགུན་ཁ་ཚེས་ཤིང་།།
ཁ་བའི་འདབ་མའང་ཡང་ཡང་བབས་ཡོད།།
འོན་ཏང་འཇིག་རྟེན་འགྱུར་པའི་ཀློང་ནས།།
ཧེ་བག་རེ་རེའི་ཁུག་སོ་དེ་རུ།།
ཁྱེད་ཀྱང་འགྱུར་བག་མཁུར་ཚོས་ཁྲོད་དུ།།
ཕ་མའི་སེམས་ཀྱི་བྱིས་པ་ཞིག་གོ།
རེ་འདུན་ཁྲོད་ཀྱི་བྱིས་པ་དེ་འོ།།
ཁྱེད་ཀྱི་རྒྱབ་ཏུ་ཁུར་བའི་འདུན་པ།།
མ་བཅོས་འཛུམ་པའི་རྩེ་ན་འཚེར་བའི།།
སྐད་ཡིག་རིན་ཆེན་གསེར་གྱིས་རྒྱན་པ།།
ཁྱེད་ཀྱིས་པང་དུ་ཡང་ཡང་བཟུང་ཞིང་།།
འཛམ་གླིང་ཡངས་སུ་ལན་གཅིག་ཕེབས་ཤིག།
དེ་ནི་ཕ་མའི་རེ་བསྙེག་གཅིག་པུའོ།།
ང་ཚོའི་རེ་བའང་ཉག་གཅིག་ཡིན་ནོ།།
ང་ཚོ་འཇིག་རྟེན་འདི་རུ་སྐྱེས་པ།།
ཐེངས་གཅིག་ཡིན་པའི་གཏན་ཚིག་བརྗོད་པས།།
ཐོབ་འདོད་ཡོད་དོ་དབང་བ་མེད་ཀྱང་།།
སེམས་ཀྱི་གཏིང་ནས་འགྱོད་གདུང་མེད་མོད།།
ང་ཚོས་འཇིག་རྟེན་འདི་ནས་ཤོར་བར།།
གྲངས་ཀ་མེད་པའི་གནམ་གྱི་སྤྲིན་པ།།
ཤོར་ཟིན་འཁྲིས་ཀྱི་མུན་པའི་དབུས་སུ།།
ང་ཚོའི་དབྱངས་གསལ་གཞན་དུ་འཆོར་བས།།
མ་འོངས་ལམ་ཁའི་དཀྱོག་མཚམས་དེ་ནས།།
འགྱོད་གདུང་ཁྲི་འབུམ་བརྩེག་པའི་ན་ཟུག།
བཟོད་མེད་འཁུལ་བའི་རྨ་ཁ་ཧྲིལ་བོ།།
སེམས་ཀྱི་སྟེང་ནས་ཚར་ལེམ་རྒྱུ་དུས།།
རེ་འདུན་ཁྲོད་ཀྱི་བྱིས་པ་དག་ལ།།
རེ་བའི་ཉི་གཞོན་འོད་སྣང་གསོན་པོ།།
མུན་པ་བཞིན་དུ་དྭངས་ཐབས་མེད་དོ།།
སེམས་སུ་བཞད་པའི་བྱིས་པ་དག་གི།
ཕར་རྒྱབ་ལོ་ཟླའི་སྐད་ཡིག་འགྱུར་བས།།
ཚེ་སྲོག་མཚུངས་པའི་སྐད་ཡིག་རིན་ཆེན།།
མདུན་གྱི་རྨ་ཆུ་རིང་མོ་ཡིན་ན།།
ཡིད་སེམས་གཏིང་ནས་ཧུབ་ཀྱིས་བཞེས་ཤིག།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.