གོ་སྦྲུལ་ཞགས།
སྙིང་རྗེའི་སྤྲིན་ཕུང་འཁྲིགས་པའི་བམ་རིམ་ནས།།
དགོས་འདོད་ཆར་གྱི་དངོས་གྲུབ་སྩོལ་མཛད་པའི།།
ཟས་ནོར་གཏེར་གྱི་བང་མཛོད་ཕྱེས་པ་མོ།།
དྲིན་ཆེན་ཨ་མ་དགོས་འདོད་ཀུན་འབྱུང་ཡིན།།
ཨ་མ་ལགས། བཀའ་དྲིན་ཆེ།
སྙན་དབྱངས་ཚངས་པའི་པི་ཝང་དཀྲོལ་མཁས་པའི།།
བཅོས་མིན་འཛུམ་མདངས་གཅེས་གཅེས་རྒྱུད་ཕྱུག་པའི།།
འཁྱག་ལྟོག་སྐོམ་གསུམ་འདྲེན་པའི་ལྷ་མོ་སྟེ།།
དྲིན་ཆེན་ཨ་མ་བྱང་ཆུབ་སེམས་མ་ཡིན།
ཨ་མ་ལགས། བཀའ་དྲིན་ཆེ།
ངོམས་མེད་ནུ་ཞོ་མངར་མོས་ལུས་བཅུད་གསོས།
ཟ་ཉལ་འགྲོ་འདུག་ཟས་གཙང་འཕྲོད་ལ་བསྟེན།།
དར་མའི་ལང་ཚོ་དྲོད་གཤེར་སྟེར་མཛད་པའི།།
དྲིན་ཆེན་ཨ་མ་སཱ་ལའི་སྤོས་དཀར་ཡིན།།
ཨ་མ་ལགས། བཀའ་དྲིན་ཆེ།
ཟོལ་མེད་བརྩེ་མདངས་དཀར་པོ་གངས་ལས་དཀར།།
ལྷད་མེད་དུང་སེམས་རྫ་ཆུ་ལས་ཀྱང་དྭངས།།
སེམས་དང་སེམས་པ་འོ་ཆུ་ལྟར་འདྲེས་པའི།།
དྲིན་ཆེན་ཨ་མ་བདག་གི་ཡོད་ཚད་ཡིན།།
ཨ་མ་ལགས། བཀའ་དྲིན་ཆེ།
གོ་ལྡོག་ཏུ་ཤོར་བའི་གཟེབ།
གོ་སྦྲུལ་ཞགས།
དྲག་ཆར་འབབ་རྒྱུན་ཆེ་སྒང་འདིར།
ལུང་གཤོང་དུ་ཆུ་ཆེན་རབ་ཏུ་བྲུབ་ཅིང་།
མེ་ཏོག་སོགས་སྐྱེ་དངོས་ཕྲ་མོ་དག་རྨང་ནས་འབྱིན།
ཁུང་བུར་འདམ་གྱིས་སྦོས་པའི་དུས་སྐབས་འདིར།
ངས་ཐག་རིང་ཞིག་དྲན་པས་འཚོས་ཤིང་།
ནམ་རྒྱུན་མཆིལ་ཞགས་འཕེན་སའི་ཐག་རིང་ཞིག་ཀྱང་དྲན་ཡོང་།
ཆུ་ཐིགས་པ་ཙམ་ཞིག་ཀྱང་མི་རྙེད་ཅིང་།
ཐ་ན་རང་གི་གཅིན་པའང་དཀོན་པའི
ཐག་རིང་གི་བྱེ་ཐང་ཞིག་དྲན་ཡོང་།
དེ་རུ་འཚོ་སྡོད་བྱེད་པའི་རྔ་མོང་ཉམ་ཆུང་དག་དྲན་ཡོང་།
ཚ་བས་མགྲིན་པ་སྐམ་པའི་རྔ་མོང་ཁམ་པ་དེ་དག་དེ་བས་ཀྱང་དྲན་ནས་འོང་།
དྲག་རླུང་ཆེས་ཆེར་ལྡང་བའི་བར་སྐབས་འདིར།
ཤོག་སྐྱ་དང་ལྕང་ལོས་བམ་རོ་བརྩིགས་ཤིང་།
ཡི་མུག་གི་བ་མོ་འབབ་པའི་ངུ་བཤུམ་རེས།
ཐ་ནའང་སྒོ་རའི་ནང་དུ་གསོས་པའི་གསོམ་སྡོང་ཡང་།
སྐྱོ་སྐྱོའི་སེར་ཐིག་གི་གས་ཁ་འཕྲེད་དུ་དོད་ཚར་བས།
ངས་གོ་ལ་གཞན་ཞིག་དྲན་ཡོང་།
སྟོན་དགུན་གྱི་དགག་གཞིར་གྱུར་པའི་གོ་ལ་ཞིག་དྲན་ཡོང་།
དེ་རུ་གནས་བཅས་པའི་དཀར་དམར་གྱི་འགྲོ་བ་དག་གིས
ཉིན་རྒྱུན་ལྟར་ཆུ་རྐྱལ་མོད་ཀྱང་ཚ་བས་རྨས་ཕོག་སྟེ།
དགུན་ཁ་ལ་རེ་སྨོན་གཏེགས་ནས
བསིལ་རླུང་ལ་སྨོན་པ་ཤོར་བཞིན།
ཨམ་གཙིགས་རྒྱུན་པར་བསྡམས་པའི་དེ་གའི་འགྲོ་བ་དག་དྲན་ཡོང་།
ལུས་ཀུན་རྗེན་པར་སྟོན་པའི་དེ་གའི་འགྲོ་བ་དག་ལ་ངས་དངོས་གནས་སྨོན་པ་ཤོར་བཞིན་དེ་བས་ཀྱང་དྲན་ནས་ཡོང་།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.