རྨི་ལམ་འཁྲུཊ་པའི་ངག

ཆབ་མདོ། འོད་འཛིན་མ།

ང་དང་སྐལ་བ་མཉམ་པའི་རི་གྲོང་གི་ཉག་གར།།
རྨི་ལམ་མཚར་པོ་ཞིག་གི་སྙིང་བོ་དེ་བྲིས་ན།།
མེ་ལོང་ཕྱི་ནང་ངུ་ཞིང་དགོད་པ་ཡི་ཚུལ་གྱིས།།
ཚིག་ཚོཊ་གཙེ་བའི་ལུཊ་ལ་ངལ་བ་རང་མ་མཆིས།།

སེམས་ཀྱི་ཞིང་ས་རྨོས་པའི་ཤ་དྲོད་ཀྱི་མངལ་དུ།།
དྲན་པའི་མཚོ་མོ་སྐྱོམ་པའི་རིག་བྱེད་ཀྱི་ཟླ་བས།།
སྡུག་བསྔལ་སྐད་ཅིག་བྲན་པའི་ན་ཟུག་ལ་བསམ་ན།།
རྨིས་པའི་འཇིག་རྟེན་དེ་ལ་བདེ་སྐྱིད་རང་མེད་འདྲ།།

འདོད་ཡོན་ཟས་སུ་སྤྱོད་པའི་རྨི་ལམ་གྱི་སྐར་མས།།
སྣང་བའི་གཞིས་ཆུང་ནང་དུ་འཚུབ་འཚུབ་རང་བྱེད་དུས།།
སྙན་ངག་རྒྱན་དུ་འཆང་བའི་གཟན་འོག་གི་རྣམ་ཤེས།།
ཁྲག་གི་ཐན་པ་རྒྱས་པའི་ཡུལ་ངོས་ནས་མཇལ་བྱུང་།།

བརྩེ་བའི་ལག་འཇུ་བྱས་པ་དྲན་རིག་གིས་མ་ཟིན།།
ལུས་སེམས་དམ་དུ་འཁྱུད་པའི་ས་ཚིགས་སུ་མ་བསླེབས།།
འཁོར་བའི་རྨི་ལམ་ཞིག་གི་བར་ཁྱམས་སུ་སྦྲུམ་པའི།།
བྱང་ཁོག་སྟོད་ན་ཉལ་བའི་ཚེ་སྲོག་དེ་སྙིང་རྗེ།།

སེམས་ཉིད་རྩེད་མོས་བསླུས་པ་ཚེ་རབས་ཀྱི་འགྲུལ་བཞུད།།
ལོ་དང་ཟླ་བའི་རིང་ལ་གོམས་པ་རང་མིན་ཡང་།།
ནུབ་གཅིག་སྒལ་ཚིགས་རྨས་པའི་རྨི་ལམ་གྱི་ཁ་དོག།
མ་བཅོས་གཤིས་སུ་གྲུབ་པའི་སྡིག་སྒྲིབ་ཀྱི་ཚོན་རྩི།།

ཚེ་སྔོན་ཁ་ཆད་ཡི་གེ་བྲང་རུས་ལ་བརྐོས་སམ།།
ད་ཆར་རྨིས་པའི་འཇིག་རྟེན་བག་ཆཊ་ཀྱིས་བསྐྲུན་འདྲ།།
སྐབས་རེ་ལས་ཉོན་རླུང་བུ་ཡིད་ཡུལ་ལ་ལྡང་དུས།།
གློ་བའི་མངན་པ་རེ་རེ་མགྲིན་ལམ་ནས་རྡོལ་བྱུང་།།

སྐྱེ་འཆིའི་དགུ་ཚིགས་རིང་མོ་ངག་རྟ་རུ་དྲངས་ཏེ།།
འཚོ་བའི་བདེ་སྡུག་རི་མོ་སྙན་ཚིག་ལ་བསྲེས་ན།།
ལུས་ངག་ཡིད་གསུམ་སྤྲིན་པ་འདུ་འགོད་དང་མཚུངས་པས།།
ལྕགས་ཀྱི་ཕྱག་སེན་རྩེ་ནས་རྔུལ་ཆུ་རང་འབབ་བྱུང་།།

དགའ་སྐྱོ་གོས་སུ་གྱོན་པའི་དགུན་གཞུང་གི་མེ་ཏོག།
བདག་གི་འཁྲིས་སུ་བཞད་པ་མདང་སུམ་གྱི་རྨི་ལམ།།
འགྱུར་མེད་སེམས་ཀྱི་བདེན་པ་ནང་སེམས་སུ་སྤྲོས་པ།།
དྭངས་གསལ་གཙང་བོ་འགྲམ་གྱི་ཁྲུང་ཁྲུང་གི་རྫི་གླུ།།

ཚོར་བའི་རྟོག་སྒྲིབ་མ་དག་རེ་དོགས་ཀྱིས་གོས་ཤིང་།།
གཞོན་པའི་སྣང་བ་མི་རྟག་འཇའ་ཚོན་གྱི་བླ་འོག།
ལོ་ཟླ་ཚིག་གིས་གཉོར་བའི་སྒྱུ་འཕྲུལ་གྱི་དབུས་ནས།།
ཉམ་ཐག་མུན་པའི་བརྩེ་བ་བྱེ་ཐང་དུ་བྲིས་ཡོད།།

སྒྱུ་མའི་གྲོང་མཐའ་ཉུལ་བའི་སྐར་ཚོགས་ཀྱི་མིག་ཟུང་།།
ཁོ་མོའི་སྒེའུ་ཁུང་རེ་རེའི་སྲུབས་ཀ་ནས་འཛུམ་ཚེ།།
སྐྱིད་སྡུག་ཕྲག་ཏུ་ཁུར་བའི་རྡོ་འཁྱག་གི་མལ་སར།།
ཆང་ཕུད་ལན་གསུམ་བརྔུབས་ཏེ་གབ་ཚིག་འགའ་བསྟར་ཡོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།