ཁམས་འོད་གསལ། དཀར་མཛེས།
༡
བརྩེ་བའི་མིག་ཟུང་ཡངས་པ་བརྩེ་ལྡན་མ་ཡུམ་སྙིང་གི་དྲིན། །
བརྩེ་བའི་ལག་ཟུང་འཇམ་པ་བརྩེ་བ་ཅན་གྱི་དྲིན་ཆེན་ཡུམ། །
བརྩེ་བའི་འཁྲེང་ཞེན་ནང་དུ་བརྩེ་བའི་དམ་ཚིག་ཤིན་ཏུ་གཙང་། །
བརྩེ་བའི་ཡུམ་ཆེན་ཁྱེད་ནི་བརྩེ་བ་གནང་ལ་བྱང་ཆུབ་འདུག །
༢
བརྩེ་བའི་རླབས་ཕྲེང་རིང་མོ་བརྩེ་བའི་བུ་ལ་ལྡོག་མེད་ཕྱོགས། །
བརྩེ་བའི་གཉུག་གཤིས་བཟང་པོ་བརྩེ་ལྡན་ཁྱེད་ལས་སུ་ལ་མངའ། །
བརྩེ་བའི་བརྩེ་ཆེན་གནང་ནས་བརྩེ་བ་ཅན་གྱི་མི་ཡི་མཆོག །
བརྩེ་བ་གཟུགས་སུ་གྲུབ་ན་བརྩེ་བའི་གཏིང་མཐའ་མུ་བྲལ་ཨང་། །
༣
བརྩེ་ཆེན་མྱུར་མོ་སྩོལ་ལ་བརྩེ་བ་ལྡན་པའི་ཤ་གཟུགས་ཅན། །
བརྩེ་བའི་མ་ལོ་མཆོག་གི་བརྩེ་སེམས་འདི་ནི་ཕྱི་ནང་མཐུན། །
བརྩེ་བའི་བདག་མོ་མ་གང་བརྩེ་བས་བངས་པའི་མི་ལུས་འདི། །
བརྩེ་ལྡན་བརྩེ་བའི་རིན་ཐང་བརྩེ་བ་ཅན་གྱི་མ་ལོར་བཞུགས། །
༤
བརྩེ་ཞེན་གཏིང་མཐའ་རིང་བ་བརྩེ་བའི་མི་ཡི་ལུས་རྟེན་རྙེད། །
བརྩེ་བ་ཕྱོགས་ལྷུང་བྲལ་ཏེ་བརྩེ་བ་ཟབ་མོས་རྒྱུད་ཕྱུག་པ། །
བརྩེ་བའི་ལས་འཕྲོ་ཚོགས་པའི་བརྩེ་ལྡན་མ་ལོ་དྲིན་ཆེན་པས། །
བརྩེ་བའི་དགའ་བདེ་ཇི་སྙེད་བརྩེ་ལྡན་ཨ་མས་སྩོལ་བར་ངེས། །
༥
བརྩེ་བའི་འཛུམ་དཀར་ལྷུག་ལྷུག་བརྩེ་བའི་ཚུལ་དུ་བུ་ལ་སྟོན། །
བརྩེ་སེམས་ཕྱི་ནང་དཀར་བ་བརྩེ་ལྡན་ཁྱེད་དེ་ཡུམ་ཆེན་ལགས། །
བརྩེ་སྐྱོང་ཡུན་རིང་དུས་ནས་བརྩེ་བའི་ངང་ཚུལ་འགྱུར་བ་བྲལ། །
བརྩེ་ལྡན་མ་ལོ་ཁྱེད་རང་བརྩེ་བའི་མགོན་གྱི་ཡང་རྩེར་སོན། །
༦
བརྩེ་ལ་དགའ་ཞེན་ཆགས་པ་བརྩེ་བ་འདི་ལ་ཡང་སྙིང་སྒོམ། །
བརྩེ་ལ་འཁྲེང་ཞེན་རྡོལ་བའི་བརྩེ་དུང་ལས་ཀྱི་འདུ་ཤེས་ཟུག །
བརྩེ་ལ་སེམས་པ་ཐོགས་ཏེ་བརྩེ་བའི་སྙིང་པོ་ཨ་མས་གནང་། །
བརྩེ་ལྡན་བྱམས་པའི་མ་ལོ་བརྩེ་བ་འཛིན་པའི་རླབས་ཆེན་ཞིག །
༧
བརྩེ་བ་མངོན་འགྱུར་སྩོལ་ལ་བརྩེ་བའི་འདོད་པ་ཇི་ལྟར་སྨིན། །
བརྩེ་འཕྲིན་མ་ལ་བསྐུར་ཡང་བརྩེ་ལན་དེ་ཡང་ཨ་མས་གནང་། །
བརྩེ་བའི་རང་མདངས་བཟང་ལ་བརྩེ་བའི་ལང་ཚོ་ཀུན་ཏུ་ཡག །
བརྩེ་ཞིང་བརྩེ་བའི་རྣམ་འགྱུར་བརྩེ་བ་ཆགས་པའི་ཨ་མ་མཛེས། །
༨
བརྩེ་བའི་ལོ་ཟླ་དབུས་སུ་བརྩེ་དུང་སེམས་པ་གོང་འཕེལ་གྱུར། །
བརྩེ་བའི་ཉིན་ཞག་ཁྲོད་ནས་བརྩེ་བ་ཟབ་མོ་སྔར་ལྟར་འཆང་། །
བརྩེ་ལྡན་ཤ་ཚུགས་འཛིན་པ་བརྩེ་བའི་མ་ལོའི་བཀའ་དྲིན་ནི། །
བརྩེ་བ་ཅན་གྱི་བུ་ཡིས་བརྩེ་བའི་དྲིན་ལན་ཅིས་ཀྱང་དགོས། །
༩
བརྩེ་ཆེན་བརྩེ་བའི་མ་ལོ་བརྩེ་དགའ་བརྩེ་སྐྱིད་འཚོ་བ་འདི། །
བརྩེ་བས་བརྩེ་ཞིང་སྐྱོང་བའི་བརྩེ་བའི་བརྩེ་ཕྲུག་བུ་བདག་ལ། །
བརྩེ་ཞིང་བརྩེ་བའི་དུས་ནས་བརྩེ་ཞེན་བརྩེ་འཁྲེང་རབ་ཏུ་མང་། །
བརྩེ་བ་བརྩེ་ངོ་ཟིན་བཞིན་བརྩེ་བའི་བརྩེ་ལན་ཡིད་ཀྱིས་ཕུལ། །
༡༠
བརྩེ་བའི་མ་ལོ་ཁྱེད་ཀྱི་བརྩེ་བ་འགྱུར་མེད་རྟག་བརྟན་ཤོག །
བརྩེ་ལྡན་ཡུམ་གྱི་སྐུ་ལུས་བརྩེ་བས་ཟིན་བཞིན་བདེ་བར་སྨོན། །
བརྩེ་ཆེན་ཨ་མ་མཆོག་ལ་བརྩེ་བའི་སེམས་འཕྲིན་བསྐུར་བ་ལ། །
བརྩེ་བའི་བུ་ཕྲུག་བདག་གིས་བརྩེ་ལྡན་མ་ལོ་དྲན་པས་ཡིན། །
༡༡
བྱམས་པའི་མེ་ཏོག་སྟེར་ནས་ཡིད་འོང་ཚོར་བ་འཁྲིས་སུ་འདྲེན། །
བྱམས་སྙིང་ཕུགས་ཐག་རིང་བ་དྲིན་ཆེན་མ་ལོའི་གཉུག་གཤིས་ལ། །
བྱམས་པ་ཕྱི་དཀར་ནང་དཀར་ལས་ཀྱིས་འཕྲད་པ་ཞེ་དུང་ནས། །
བྱམས་ལྡན་ཨ་མ་མཆོག་ལ་དགའ་གུས་བརྩེ་ཞེན་སྔར་བས་ཕྱོགས། །
༡༢
བྱམས་དང་སྙིང་རྗེའི་རང་བཞིན་ཕ་མ་གཉིས་ལས་སོ་སྐྱེས་གང་། །
བྱམས་པས་རྒྱུན་པར་སྐྱོང་བའི་ཕ་མ་གཉིས་ལས་སུ་ཞིག་འཚོལ། །
བྱམས་པ་ཚད་མེད་རྒྱན་པའི་དྲིན་ཆེན་ཡབ་ཡུམ་རྣམ་གཉིས་ལས། །
བྱམས་སེམས་གཡོ་སྒྱུ་བྲལ་བས་དུས་དང་ཀུན་ཏུ་གཟིགས་པ་མཆོག །
༡༣
བྱམས་བརྩེའི་རྦ་རླབས་གཡོ་བའི་བྱམས་པ་སྙིང་ལ་རྗེ་བོ་ཞིག །
བྱམས་བརྩེའི་རང་མདངས་བཟང་བ་བྱམས་པ་དྲིན་གྱི་མཆོག་ཅིག་སྟེ། །
བྱམས་བརྩེའི་ངོ་བོ་བརྟན་པས་བྱམས་པ་ཟླ་བའི་མཚན་ཅན་དང་། །
བྱམས་བརྩེའི་ཐུགས་རྒྱུད་ཕྱུག་པ་བྱམས་པའི་ཕ་ལོ་ཁྱེད་གཉིས་ཡིན། །
༡༤
བྱམས་པ་བཅོས་ལྷད་མ་འདྲེས་བྱམས་པ་བྱམས་པའི་མེ་ཏོག་ནི། །
བྱམས་པའི་སེམས་སུ་ཉར་ནས་ལོ་ཟླའི་རྒྱུད་བཞིན་མཐའ་བྲལ་བ། །
བྱམས་པའི་བརྩེ་བའི་འོག་ཏུ་ཉིན་གཅིག་མ་བོར་རྗེས་བཟུང་མཁན། །
བྱམས་པ་དྲིན་ཆེན་མཆོག་ལ་བྱམས་པའི་སེམས་སུ་འདང་ཆེ་ཡོད། །
༡༥
བྱམས་པ་མིང་གིས་སྦྲེལ་བའི་ཚེ་འདིའི་ང་ཡི་ལས་སྐལ་འོག །
བྱམས་སྙིང་གཏིང་མཐའ་རིང་བ་ཚེ་འདིའི་ང་ཡི་ཕ་མ་གཉིས། །
བྱམས་ལྡན་རབ་ཏུ་མང་མོད་བྱམས་ལུགས་མི་འདྲ་ཁ་ཁ་སྟེ། །
བྱམས་ཆེན་རྒྱུད་ལ་སྨིན་པ་ཚེ་འདིའི་ང་ཡི་ཡབ་ཡུམ་གཉིས། །
༡༦
བྱམས་པ་བྱམས་སེམས་ཆེ་བས་བྱམས་པའི་བུ་ལ་ཤིན་ཏུ་གཅེས། །
བྱམས་པ་བྱམས་སྙིང་ཟབ་པས་བྱམས་པ་འདི་ལ་ཕྱོགས་རིས་བྲལ། །
བྱམས་པ་བྱམས་བརྩེ་ཡག་པས་བྱམས་པ་ཀུན་ལས་ལྷག་པར་གྱུར། །
བྱམས་པ་བྱམས་ལྡན་དྲིན་ཆེན་མ་ཡུམ་མཆོག་ལ་བརྩེ་བས་བཀུར། །
༡༧
བྱམས་བརྩེ་དབྱར་གྱི་མཚོ་མོར་བྱམས་པའི་མེ་ཏོག་ཕྱི་ནང་མཛེས། །
བྱམས་པའི་མེ་ཏོག་མཛེས་པས་བྱམས་སྙིང་ཡིད་ལ་འདྲེན་མཛད་པ། །
བྱམས་སྙིང་འཁྲིས་སུ་འདྲེན་ལ་བྱམས་ལྡན་མ་ལོ་འཛུམ་པའི་ཞལ། །
བྱམས་ལྡན་ཨ་མའི་བརྩེ་བས་བྱམས་པའི་མི་ལ་བྱམས་ལུགས་ཤིག །
༡༨
བྱམས་སྐྱོང་ཀུན་ཏུ་འཕགས་པ་ཚེ་རབས་གཏན་དུ་བརྗེད་དཀའ་བ། །
བྱམས་ལྡན་བཟང་ཞིང་ཡག་པ་བརྩེ་ལྡན་ཨ་མའི་བཞིན་རས་ལ། །
བྱམས་དང་སྙིང་རྗེ་ཕྱུག་པའི་རྟགས་དང་གཏན་ཚིགས་མང་བ་ནི། །
བྱམས་པའི་མ་ལོ་ཀུན་གྱིས་རང་བཞིན་ཡིན་ལ་བརྩེ་བའང་ཡིན། །
༡༩
བྱམས་སྙིང་ཟུང་གིས་སྦྲེལ་བའི་ལས་མཐུན་ནང་གི་བརྩེ་བའི་མ། །
བྱམས་ལ་བརྗིད་ཉམས་ཕྱུག་པ་རིན་ཆེན་གསེར་གྱིས་དོ་ཟླ་མིན། །
བྱམས་པ་ཚད་ལས་གཞལ་བྲལ་ཨ་མ་མཆོག་གི་བཀའ་དྲིན་ཡང་། །
བྱམས་པའི་སེམས་ཀྱི་ཟིན་པས་ཨ་མ་མཆོག་ལ་ཁོ་བོས་བསྔགས། །
༢༠
བྱམས་སྐྱོང་ཙམ་ཞིག་མིན་པ་ལོ་མཐར་ལོ་ཡིས་བཟུང་བ་ནས། །
བྱམས་སྐྱོང་ཕྱི་གཙང་ནང་གཙང་བརྩེ་བའི་མ་མས་གནང་བ་ལ། །
བྱམས་སྐྱོང་རྒྱུད་ཐག་རིང་བས་གཅེས་པའི་བུ་ཕྲུག་ནར་སོན་ཏེ། །
བྱམས་སྐྱོང་གནང་བའི་མ་ཡུམ་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.