དཔྱིད་ཀྱི་ཕོ་ཉ།

ཆབ་མདོ། འོད་འཛིན་མ།

དཔྱིད་ཟླ་གསུམ་མེ་ཏོག་བཞད་པའི་ཚལ།།
ནགས་ལྷུན་སྟུག་རི་ལྗོངས་མཛེས་པའི་ཞིང་།།
རི་ཐོད་དཀར་གནམ་ལ་ཟུག་པའི་མཐར།།
བྱ་ཁུ་བྱུག་སླར་ཡང་ཕེབས་བསུ་ཞུ།།

ཡུལ་འཇིག་རྟེན་སྙན་པ་མ་ལུས་ཀུན།།
ཁྱོད་གཅིག་ལ་མངའ་འདྲའི་འགྲོ་དག་གི།
མིག་ཧྲེག་ཧྲེག་རྣ་བ་ཀྲོག་ཀྲོག་དང་།།
ཞེ་སྣང་བའི་འཛུམ་ཆུང་ངང་གིས་གྲོལ།།

ལུས་གཤོག་ཟུང་རྣག་གིས་ཟོས་ན་ཡང་།།
ལམ་སྐྱ་མོ་ཁ་ཐག་རིང་ན་ཡང་།།
ནམ་ཉིན་མཚན་གྲངས་མེད་བརྒལ་ནས་སུ།།
གནས་བསིལ་ལྡན་མགྲོན་གྱི་གཙོ་བོ་བྱས།།

དགུང་ཆུ་འཛིན་འཁྲིགས་པའི་འོག་རོལ་ནས།།
རླུང་གཟུགས་མེད་རྟ་ལ་བཞོན་ནས་སུ།།
ངག་སྙན་འཇེབས་འཁོར་བའི་ཉིན་སྲིབ་གྲགས།།
ལྷོ་གཡུ་འབྲུག་ལྡིར་བའི་རྐྱེན་ཡང་བྱས།།

བྲག་སྨུག་སྐྱིབས་འཚོ་བའི་ཤྭ་བ་ཚོ།།
རི་གངས་འདབས་ཆུ་ལ་མ་འཕྲད་ཀྱང་།།
བྱ་ཁུ་བྱུག་གྲགས་པའི་ཆར་ཆུ་ཡིས།།
ལྟོ་ཕོ་ཁའི་མེ་དྲོད་ཡང་ཡང་གསོས།།

རྐང་སུག་བཞི་ཅན་དག་ཁྱེད་ལ་དགའ།།
བོད་མགོ་ནག་མི་ཡང་ཁྱེད་ལ་དུང་།།
བྱ་འདབ་ཆགས་ནང་གི་ཡང་རྩེ་མས།།
དབྱར་ཟླ་གསུམ་མིག་གི་མཐིལ་ན་རོལ།།

ཤིང་ཤུག་པའི་ཚལ་ན་ཁྱེད་རང་འཁོར།།
རྫ་སྨུག་པའི་ཁྲོད་ནས་ཁྱེད་རང་མཐོང་།།
ཆུ་གཙང་པོའི་འགྲམ་ནས་ཁྱེད་རང་གྲགས།།
མ་སེམས་ཅན་རྣ་དབང་ཁྱེད་ཀྱིས་གསོས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།