དབྱངས་ལྡེའུ། ཆབ་མདོ།
གངས་རིས་མཐའ་བཞི་བསྐོར་བའི་ར་བ་ན། །
ཐང་ཆེན་མཁའ་ལྟར་ཡངས་བའི་ཡར་སྟེང་དུ། །
མེས་པོ་བསོད་ནམས་ཅན་པོའི་བློ་གྲོས་ལས། །
བལྟམས་པའི་སྦྲ་ཁྱིམ་གྲུ་བཞི་གཟི་བྱིན་ཡོད། །
སྤང་གཞོངས་ནོར་གྱིས་ཁེངས་པའི་གཙང་འགྲམ་དང་། །
གཡང་ལུག་འབའ་དབྱངས་མོད་པའི་རི་ཀླུང་དུ། །
དཔའ་མཛངས་ཁོག་ཏུ་རྒྱས་པའི་འབྲོག་ཕྲུག་གི །
ཕ་ཡུལ་འབྲོག་སྡེ་ཕྱུག་མོའི་བྱིན་ཆགས་ཡོད། །
གངས་ཆབ་ལྷུང་ལྷུང་བཞུར་བའི་རི་ཀླུང་དང་། །
མེ་ཏོག་བུང་བ་འགུག་པའི་སྤང་ཐང་དུ། །
ཚོར་འདུ་རྫི་གླུར་འགུག་པའི་འབྲོག་མོ་ཡི། །
གཞིས་ཁྱིམ་བཀྲ་ཤིས་གཡང་གི་ར་བ་ཡོད། །
སྤྲིན་དཀར་ལྷོ་རུ་ཞོགས་པའི་ནམ་མཁའ་ན། །
ཉི་གཞོན་འཛུམ་ཕྲེང་དགོད་པའི་མར་ཤེད་དུ། །
འབྱོར་ཕྱུག་རྣམ་ཐོས་སྲས་པོར་འགྲན་བཟོད་པའི། །
གངས་ལྗོངས་འབྲོག་སྡེ་ཕྱུག་མོའི་མཛེས་སྡུག་ཡོད། །
འོ་མའི་རྒྱ་མཚོ་བསྐྱིལ་བའི་འབྲོག་ས་རུ། །
མར་ཐུད་རླབས་ལྟར་བསྒྲིགས་པའི་སྦྲ་ཁྱིམ་དཀྱིལ།།
འབྲུ་དྲུག་ངག་ནས་ཆད་མེད་ཡབ་ཡུམ་གྱི། །
མཛའ་བརྩེའི་འོ་ཆུ་བསྲེས་པའི་ལོ་ཟླ་ཡོད། །
སྨུག་པའི་དར་རས་འཁྲིལ་བའི་རི་སྐེད་དུ། །
ནོར་ལུག་རྩྭ་ལ་ཡན་པའི་དབྱར་ཀ་ན། །
མི་གཤིས་སྤྲིན་ལས་དཀར་བའི་འབྲོག་པའི་མི། །
གངས་དང་རྫ་རིའི་འདབས་རོལ་འཚོ་ནས་ཡོད། །
ཉི་གཞོན་ཤར་རིའི་ཕྲག་གོང་འཛུམ་པའི་རྗེས། །
དུ་ཞགས་ལང་ལོང་འཁྱིལ་བའི་ཞོགས་པ་རེར། །
ནོར་ཁྱུ་རི་ཁར་བཀྲམ་པའི་སྟག་ཤར་གྱི། །
འཛུམ་པའི་དུང་ཕྲེང་སོ་མའི་ལང་ཚོ་ཡོད། །
བཅོ་ལྔའི་ཟླ་བ་འཛུམ་པའི་ནམ་མཁའ་རུ། །
སྐར་མའི་ཕྲ་རྒྱན་བཏབ་པའི་མར་འོག་ན། །
བྲེལ་ཟིང་འདུ་འཛི་དབེན་པའི་འབྲོག་སྡེ་ཡི། །
ཞི་བའི་ལྷིང་འཇགས་འཚོ་བའི་ཉམས་བཟང་ཡོད། །
སྤང་ཁར་མེ་ཏོག་ལྡེམ་པའི་དབྱར་ཀ་ན། །
རི་ཀླུང་ལྗང་ཁུས་བྲན་པའི་འབྲོག་ས་རུ། །
དར་མའི་ལུས་ཀྱི་འཁྲི་ཤིང་སྨིན་པའི་གཞོན། །
ཚེ་ཡི་ཕྱིར་དྲན་ཀློང་གི་གཏམ་རྒྱུད་ཡོད། །
དབྱངས་གསལ་ལྕུག་ཕྲན་སོ་མའི་ཡལ་འདབ་རྩེར། །
སྡེབ་ལེགས་སྙན་པའི་ཚིག་གི་མེ་ཏོག་ཚོམ། །
སོར་རྩེའི་ཉི་མའི་ཟེར་གྱིས་ཁ་དཀྲོལ་ནས། །
གངས་རིའི་གཞོན་པའི་གྲོགས་ཀྱི་སྤྱན་དུ་གཤོམ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.