རྩོམ་མཁན༼སྨྱུ་གུ་ཕྲ་མོ༽ མི་ཉག
སྣང་བའི་མེ་ལོང་ངོས་སུ་དབྱངས་ཤིག་འགུལ།།
འཆར་ཡན་རླུང་གིས་དེད་བའི་རླབས་རིས་ཏེ།།
སེམས་བྱུང་མེ་ཏོག་ཚོམས་ཀྱི་མཛེས་པ་བཀྲལ།།
འདུ་བྱེད་རང་བྱུང་གཏམ་གྱི་རྟེན་འབྱུང་ཡིན།།
སྨུག་སྤྲིན་སེང་རས་གཡོ་བའི་ནམ་མཁའ་ལས།།
ཆར་གྱིས་བརླན་པའི་མགུར་ཆུང་རྣ་བར་ལྷུང་།།
ལྗོང་ཚལ་ཡིད་འོང་འཐེན་པའི་ཞལ་ངོགས་ལས།།
དཔྱིད་ཀྱི་བསེར་རླུང་འཇམ་པོས་ཉུང་ཙམ་ལྡང་།།
སེམས་ཀྱི་བྲེལ་འཚུབ་གནས་སྐབས་རབ་ཞི་ནས།།
ཚོར་བའི་ནགས་ཚལ་ཀློང་དུ་ཐེངས་ཤིག་ཕེབས།།
བསུང་ངད་འཐུལ་བའི་སྦྲང་ཆར་ཤག་ཤག་གིས།།
མཚན་མོ་ཁེར་རྐྱང་རོལ་བའི་དབྱངས་སྙན་ཁྲོལ།།
ཚོར་བ་ཚིག་ཕྲེང་བསྒྲིགས་པའི་པད་འདབ་འདི།།
ཆར་ཤག་ཐང་ལ་བབས་པའི་དབྱངས་ཀྱིས་འཐེན།།
གནམ་ས་སྦྲེལ་མཚམས་བར་ནས་ཡང་ཡང་གྲོལ།།
སྙན་ངག སྙན་ངག
ཚོར་བའི་མེ་ཏོག་སེམས་ཀྱི་ཕང་བར་བཞད།།
ཕང་བའི་ནགས་ཚལ་ལྗོན་པོ་རླུང་གིས་བསྐྱོད།།
ངག་གི་གཙང་བོ་འགྲམ་ནས་དབྱངས་ཤིག་འཐུལ།།
མགུར་མའི་དབྱངས་ལ་ཆགས་པའི་ཚིག་འབྲུ་གྱུར།།
དུས་ཚོད་ཡུན་རིང་འདས་པའི་ལྗོངས་རྒྱུ་ནས།།
ཐ་སྙད་སྤུད་གྱིས་བསྐྲུན་པའི་ནམ་མཁའ་འཚོལ།།
དགའ་སྐྱོ་ཆགས་སྡང་ལུས་སེམས་རབ་བཟི་ནས།།
སྙན་ངག་གཅིག་པུ་ཁེར་དབང་ཡུལ་གྲུ་ཆགས།།
སེམས་ཀྱི་དུང་ཟླ་མཁའ་མཐའི་ཡུལ་དུ་ཕེབས།།
འཆར་ཡན་མཚམས་སྤྲིན་མཛེས་པར་ཀུན་ཏུ་ཞེན།།
སྨྲ་བརྗོད་མེད་པའི་ཚོར་བའི་ནགས་ཀློང་འདི།།
སེམས་བྱུང་སྤྲིན་གྱི་འདབ་མ་ཤིན་དུ་ཡངས།།
ཚིག་གི་སྨུག་སྤྲིན་འཁྲིངས་བའི་ཞེ་ཡིད་ནས།།
སྙན་ངག་འཁྲེང་བའི་ཟིལ་བ་ཕྱོགས་ཀུན་ཐོར།།
འཁོར་བའི་ཞེན་ཆགས་དྲུད་པའི་རླུང་བུ་ཡིས།།
སྙན་ངག་ལུས་ཀྱི་མཛེས་པའི་རྒྱན་དུ་མཆེད།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.