གོ་སྦྲུལ་ཞགས།
ཤིན་ཏུ་ཡངས་པའི་ནམ་མཁའི་མཐོངས།།
སྤྲིན་དཀར་ན་བཟའ་ཁྱོད་ཡིན་ནམ།།
བསིལ་རླུང་རྒྱུ་བའི་སྒེའུ་ཡོལ་མཚམས།།
སྙན་ཚིག་བཏེགས་མཁན་ང་རས་ཡིན།།
ཟླ་འོད་རུམ་པའི་ཆུ་ཀླུང་འཇིངས།།
དྲན་གདུང་སྐྱོམ་པ་ཁྱོད་ཡིན་ནམ།།
གསེར་དཀྲིས་འཁྱུད་པའི་ཆུ་མིག་འགྲམ།།
ལུས་དཀར་བསྟན་མཁན་ང་རས་ཡིན།།
བརྒྱ་ཚོགས་སྟོང་འདུས་ལྡུམ་རའི་གུད།།
པད་དཀར་འདབ་མ་ཁྱོད་ཡིན་ནམ།།
ངད་པ་འཐུལ་བའི་པད་སྡོང་རྩེར།།
མཆུ་དམར་སྦྱར་མཁན་ང་རས་ཡིན།།
ཆར་གྱིས་བངས་པའི་ལུང་གཤོམ་དུ།།
མཛའ་བརྩེའི་ཟིལ་མངར་ཁྱོད་ཡིན་ནམ།།
སྣ་ལྔའི་འཇའ་ཚོན་བསླས་མའི་གཞུག །
མི་འགྱུར་གཡུང་དྲུང་ང་རས་ཡིན།།
དྭངས་གཙང་སེམས་པའི་གཏིང་རིམ་གྱི།།
གཤིས་ཀྱི་དབྱངས་རྟ་ཁྱོད་ཡིན་ནམ།།
སྙན་ཞིང་འཇེབས་པའི་རྣོ་སྦྲེང་སྟེང་།།
གདངས་ཀྱིས་སྐྱོར་མ་ང་རས་ཡིན།།
ཕོ་གཞོན་སྣང་བའི་གུར་ཁྱིམ་དུ།།
ཟུར་མིག་རི་དྭགས་ཁྱོད་ཡིན་ནམ།།
ཚིག་གསུམ་དམ་བཅའི་མདུད་པ་ལ།།
ཁ་དན་འཇོག་མཁན་ང་རས་ཡིན།།
དཀར་ནག་འཇིག་རྟེན་ཉིན་སྲིབ་ཏུ།།
མཛའ་བརྩེའི་ལུག་ཁྱུ་ཁྱོད་ཡིན་ནམ།།
བདེ་སྡུག་རི་ཁའི་ཙག་རླུང་ཁྲོད།།
འུར་ཆ་ཐོགས་མཁན་ང་རས་ཡིན།།
ཞེ་འདང་གཟིག་བྱུའི་ཕོ་བྲང་དུ།།
ངོ་མཚར་ཁྱད་ནོར་ཁྱོད་ཡིན་ནམ།།
ཡིད་འོང་དུང་མགྲིན་འཇམ་པོའི་སྟེང་།།
འཆོར་སྒེག་མཚར་སྡུག་ང་རས་ཡིན།།
ས་སྲོད་ཀྱི་ཆར་སྒོ་ཆེན་ནས་བྲིས།
མགུར་མ།
གོ་སྦྲུལ་ཞགས།
ཡིད་ཀྱི་སྤང་གཤོངས་ངོས་སུ།།
རྩྭ་མགོ་ཟིལ་བས་སྦངས་ཤིང་།།
ཕོན་ཆུང་ལོ་མའི་གསེབ་ཏུ།།
དྭངས་གསལ་ཤེལ་གྱི་མུ་ཏིག །
མཚལ་ཁའི་ཨཏྤུལ་དམར་པོ།།
ལང་ཚོའི་མཉེས་པ་ཕུལ་ནས།།
མཛའ་བས་ལྗོན་རྩེ་ལྡིང་ཞིང་།།
དིར་གླིང་རྒྱུན་པར་འབུད་ཞོར།།
ནུབ་ཁའི་ཉི་འོད་བསྙེགས་པའི།།
སྙིང་གྲོགས་སྦྲང་མ་དྲན་བྱུང་།།
གཡེར་དྲིལ་དལ་བུར་གཡོ་བཞིན།།
བསང་དུད་བྱེ་ཁྱུ་དཀྲོགས་ཤིང་།།
ཆོས་དུང་དབྱངས་རྟ་སྙན་མོ།།
རི་སུལ་བྲག་ཅར་མཆེད་དུས།།
བདེ་སྡུག་རི་ལ་བཅོལ་བཞིན།།
བྲག་ཐེམ་གཞིས་ཀར་བརྟེན་པའི།།
གཉོམ་དུང་རི་དྭགས་རྨས་མར།།
གདངས་ཀྱིས་སྐྱོར་མ་གནོངས་རོགས།།
ཡང་དབེན་འབྲོག་དགོན་ནང་གི།།
དཔེ་ཆས་ལང་ཚོ་རྫོགས་ཤིང་།།
འདུལ་གཞུང་ཆས་སུ་བྱེད་དེ།།
སྙིང་རྗེའི་ཕྱག་ཟུང་བཏེགས་པའི།།
བཙུན་ཆུང་གཞོན་ནུའང་དྲན་བྱུང་།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.