ང་དང་བུ་མོའི་གཏམ་རྒྱུད།

རང་མདངས། དཀར་མཛེས།

ཚང་ཚིང་ནགས་ཀྱི་རྒྱ་རྫོང་ཀློང་གི་རི་གསུམ་དབུས་ཀྱི་ལྷ་སྡེ་དེར། །
ཆོས་ཚོགས་ཁྲོམ་པ་དགུན་གྱི་དུས་ན་རང་ཡུལ་སྐྱ་སེར་འཛོམས་དུས་ཤིག །
ལུས་གོས་དམར་སེར་ཆ་ལུགས་འཛིན་ཞིང་འདུས་པའི་མཐོངས་སུ་རྒྱུ་བའི་ཚེ། །
རས་གཟན་འོག་ནས་མིག་ཟུང་ལྡེམ་པས་ཁྲོམ་པའི་དཀྱིལ་ནས་ཁྱོད་རང་མཐོང་། །

མཐོང་བའི་མོད་ལ་སེམས་པ་ཁེངས་ནས་འདུས་པའི་དབུས་ནས་ཁྱོད་ཉིད་ཙམ། །
འཚོལ་འདོད་བྱུང་བས་མིག་ཟུང་ཁྲ་ཆུང་བྲེལ་འཚུབ་ངང་དུ་ཁྱོད་ཙམ་ཅེར། །
དྲན་པའི་དབྱིངས་སུ་ཁྱོད་རང་ལྷག་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་གནས། །
མི་འབྲལ་ཁ་ཐག་ཉེ་ན་བསམ་ཡང་འདུ་འབྲལ་སྐྱེ་འཆི་འཁོར་བའི་ཆོས། །

དེ་ནས་སེམས་སུ་ལན་གྲངས་མང་པོས་དྲན་རྟེན་བྱས་ཏེ་ཉིན་མཚན་འཁོར། །
ཁ་ཐག་རྒྱང་ཞིང་སེམས་ཉིད་མནར་ནས་འཕྲིན་ཕྲན་ཙམ་ཡང་མ་རག་པར། །
མི་ལོ་གཅིག་ལྷག་སོང་ནས་སོང་ཡང་དྲན་པ་དྲན་ཁོ་སྔར་ལས་ཟབ། །
བདག་གི་བརྩེ་འདང་རི་རབ་ཇི་བཞིན་རང་བཞིན་བརྟན་པས་ཁྱོད་ཙམ་གླེང་། །

ནམ་ཞིག་མཆེད་པོ་སྐལ་མིང་ཁོང་ལ་ཁྱོད་ཀྱི་འཕྲིན་ཕྲན་མཐོང་དུས་སུ། །
འཛེམ་མེད་ངག་ནས་སྦྱིན་པའི་རེ་ཞུ་ཐེངས་གྲངས་མང་ཞིག་བྱས་པ་ཡིས། །
འུ་གཉིས་འདྲིས་བཟང་ཆེ་རུ་མྱོང་བས་ངོ་སྐལ་མ་ལྡོག་ཙམ་ཞིག་གིས། །
ཁྱོད་ཀྱི་ཨང་གྲངས་ང་ལ་བསྐུར་བས་སེམས་པའི་རུས་ནས་ཤིན་ཏུ་སྐྱིད། །

དང་ཐོག་འབྲེལ་དུས་རྒྱང་ཐག་རིང་རིང་ཉིན་མཚན་བར་མེད་འགོར་བའི་ཁྲོད། །
བདག་གི་འཚམས་འདྲི་འཕྲིན་ཐུང་དུམ་བུ་ཐར་ཐོར་འགའ་ཞིག་བསྐུར་བ་དེར། །
ཉིན་ཟས་མ་བྱས་མཚན་གཉིད་བཅད་ནས་ཉིན་དང་མཚན་མང་སྒུག་པའི་ཤུལ། །
ཚིག་འབྲུ་རེ་ཙམ་ལན་དུ་བསྐུར་བས་སེམས་ཉིད་དགའ་བའི་རྟེན་དུ་བྱས། །

གཅེས་སེམས་དྭངས་བས་ཁྱོད་ཡིད་བསྒྱུར་དུས་འཚབ་ར་འཚབ་ཅིང་དྲན་པ་འགག །
སེམས་ཀྱི་མེ་ཏོག་གང་ལ་མཆོད་ཚེ་གནམ་སའི་བར་གྱི་ལྷ་འདྲེ་ཀུན། །
ཁྲེལ་དགོད་བཞུར་ཞོར་བུ་མོས་སྡིག་ནས་བདག་ཡིད་རྨ་ཁ་སྔར་ལས་ཟབ།
དང་པོ་གླེང་དུས་བར་ཐག་རིང་བའི་སྐད་ཆ་ཞིག་གིས་བདག་ཡིད་བསད། །

དགའ་བ་ཞེས་པའི་ཚིག་མགོ་གླེང་ཡང་མི་འདོད་མིག་གི་ཟུར་མདའ་འོག །
དམར་ཆུང་སེམས་པ་དུམ་བུ་གཏུབ་སྟེ་མིག་ཟུར་ཆར་ཆུས་སྒྲིབ་ན་ཡང་། །
ད་དུང་བློ་ཡི་ནུས་པ་མ་ཞན་སྔར་ལས་འཁྲེང་བའི་སེམས་ཚོར་འདི། །
རོགས་དང་འུ་གཉིས་ལས་སྐལ་བཟང་བའི་སྔར་ལྟས་ཤིག་གི་རྟགས་མཚན་ཡིན། །

ཟླ་དང་ལོ་ནས་ཁྱོད་ཉིད་འཚོལ་ཏེ་རི་ལུང་ཐན་ཐུན་བརྒལ་ནས་ཡོང་། །
ནམ་ཞིག་འཛོམས་པའི་འཕྲིན་ཕྲན་དེ་རུ་དགའ་བའི་མེ་ཏོག་ལན་གཅིག་གིས། །
ཕལ་བའི་སེམས་པ་ཇེ་ཉེ་སོང་ཏེ་བདག་དང་གླེང་མོལ་ཇེ་མང་དུས། །
ལོ་རབས་སྟོང་ལ་དྲན་གདུང་བར་ནས་ཁྱོད་ཙམ་སྒུག་པའི་ཐ་སྙད་གླེང་། །

དེ་ནས་རིམ་པས་ཕར་ལ་བཞད་པའི་སེམས་ཀྱི་མེ་ཏོག་དབྱངས་ལ་བསྐུར། །
དྲན་གདུང་སྟོང་གི་པི་ཝང་རྒྱུད་སྐུད་སོར་རྩེའི་བར་ནས་ཡང་ཡང་དཀྲོལ། །
ཁྱོད་དགའ་ཁྱོད་དུངས་སྙན་པའི་ཡོ་ལང་ཚིག་གི་མགུར་ལ་དྲངས་པས་ན། །
ཁྱོད་དང་འུ་གཉིས་འདྲིས་པའི་ལོ་ཟླ་དེ་ནས་དལ་ཏེ་ཚུགས་མགོ་བརྩམས། །

བུ་མོ་ཁྱོད་ནི་ཨ་གསར་མི་ཆེ་དང་པོ་ལབ་དུས་བྲེལ་དལ་ལྷོད། །
དེ་བཞིན་བརྒྱུད་དེ་ལོ་གཅིག་ལོ་གཉིས་མཛའ་ནས་སོང་བའི་ཉེ་དུས་འདིར། །
དགའ་བའི་འཛུམ་མདངས་གཅིག་ལས་མེད་ཀྱང་དང་ཐོག་ང་ལ་བཤད་པ་ཞིག །
སྡུག་པའི་མིག་ཆུ་ལན་གཅིག་མེད་ཀྱང་དང་ཐོག་ལྷུང་ས་ང་ལས་མེད། །

བདག་ཡིད་ཕྲ་ཆུང་གཞན་གྱིས་མ་བརྐུས་ཁྱོད་རང་ཁོ་ན་དབང་བ་ལས། །
བུ་མོ་གཞན་གྱི་གཏམ་རྒྱུད་མ་གླེང་ཁྱོད་ཙམ་བགྲང་ནས་ཚེ་ལོ་ཕྱིན། །
ཁྱོད་ཀྱི་ཞལ་འཛུམ་ཙམ་ལ་ཅེར་ནས་མི་ལོ་མང་པོ་ཁྱོད་ཀྱིས་འཚོ། །
ང་ཡི་གཞོན་དུས་ཁྱོད་དང་འཚོ་ན་དགའ་བདེ་དཔག་མེད་སུ་ཡིས་ཚོར། །

ཕར་ལ་བརྩེ་བ་དུང་དཀར་གཡས་སུ་འཁྱིལ་བ་ལྟ་བུའི་རྣམ་པ་དཀར། །
ཚུར་ལ་བྱམས་པ་མཛའ་བརྩེའི་ལྷུན་པོ་རི་བོ་བཞིན་དུ་བརྗིད་པ་ཞིག །
ཕན་ཚུན་བརྩེ་དུང་འོ་མཚོ་འདྲེས་ནས་མི་ལོ་མང་པོའི་གཏམ་རྒྱུད་ཡོད། །
ང་དང་ཁོ་མོའི་བགྲོད་ལམ་རིང་བའི་སྨོན་ཚིག་ཡང་ཡང་བཏགས་ནས་ཡོད། །

ཉིན་དུས་ཀུན་ཏུ་དྲན་གཞུང་རི་མོ་མཛའ་བའི་མེ་ཏོག་ཁྱོད་ཀྱིས་བྲིས། །
ལོ་དང་ཟླ་བའི་མཚན་ཞག་རེ་རེར་རྨིས་པའི་གྲོང་ཁྱེར་ཁྱོད་ཀྱིས་བཟུང་། །
གྲོགས་དང་བར་གྱི་གསང་གཏམ་ཁྲོད་ན་བདག་གི་གླེང་ཡ་ཁྱོད་ཀྱིས་ཁྱབ། །
མདོར་ན་བདག་གི་ཡོད་ཚད་ཡོད་ཚད་སྙིང་ཉེ་གཅིག་པུ་ཁྱོད་ཀྱིས་དྲིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*