སྟོང་ལོ་གསར་བར་སྨོན་ཚིག

                                                      རྩོམ་པ་པོ། དབྱངས་ལྡེའུ།

བཅོས་མིན་རྨི་ལམ་གཙང་མའི་རེ་ཁ་མཛེས། །
དྲི་མེད་ཁ་བཏགས་དཀར་པོར་པིར་གྱིས་བྲིས། །
སྙིང་གི་ཡོལ་གོ་དབུས་ཀྱི་ཁྱེད་ཅག་མདུན། །
དུས་གཏན་ནང་སེམས་སྨོན་ལམ་ཆད་མེད་ཡོད། །

སེམས་ཀྱི་ཀུན་གསལ་མེ་ལོང་གཙང་ས་རུ། །
བདེ་སྐྱིད་སྐྱ་རེངས་གསར་བའི་འོད་སྣང་གིས། །
སྨྲེང་བའི་སྐྱོ་གདུང་རི་སུལ་མུན་བསལ་ནས། །
དགའ་སྤྲོའི་འཚོ་བའི་པད་དཀར་ལེགས་སྨིན་ཤོག །

གངས་དཀར་སྟར་ཕྲེང་མཛེས་པའི་ཡུལ་གྲུ་ན། །
གངས་ནོར་དབྱངས་གསལ་བསྟན་པ་དར་རྒྱས་ཏེ། །
གངས་ཕྲུག་གཞོན་ནུའི་ལྗགས་ཀྱི་རྩེ་མོ་ནས། །
རྨད་བྱུང་ཕ་སྐད་སྒྲ་དབྱངས་འབུམ་བརྟས་སྨོན། །

གཞོན་སེམས་པད་མའི་རྫིང་བུའི་དབུས་མ་ན། །
ཕུཊ་བསམ་ངང་སེར་རྩེད་དགའ་ལང་ཚོ་ཅན། །
རེ་བའི་མིག་ཟུང་ཀློང་གི་གཞོན་པའི་དཔུང་། །
འདོད་དོན་གཤོག་པའི་ཁོ་ལག་ཡོངས་རྫོཊ་ཤིག །

བློ་གསལ་འདབ་མ་གྲོལ་བའི་གངས་ཕྲུག་གཞོན། །
སྣ་མང་ཤེས་བྱའི་ཟིལ་བ་ལེགས་ཁྲོམ་པར། །
ཚན་རྩལ་རིག་པའི་དྲི་བསུང་འཐུལ་བ་བཅས། །
མ་བཅོས་སྨོན་ལམ་དཀར་པོའི་བླ་བྲེ་བཤམ། །

བདེ་དགའི་ཆུ་སྟོད་ཟླ་བའི་འོད་ཀྱི་ཕྲེང་། །
མ་ལུས་འགྲོ་བའི་ཡིད་ཀྱི་སྐྱེད་མོས་ཚལ། །
ལེགས་བྱས་འཕྲོས་ཏེ་དགའ་སྐྱིད་ཀུ་མུ་དའི། །
འདབ་སྟོང་གྲོལ་བའི་སྨོན་ཚིག་མོད་པོ་བཏབ། །

སྟོང་ལོ་གསར་དུ་འཛུམ་པའི་ལོ་ཟླ་ནང་། །
གང་འདོད་ལྷུན་གྱིས་འགྲུབ་པའི་”སྨོན་ལམ་དང་། །
འཆི་མེད་ཚེ་ཡི་རིལ་བུར་ལོངས་སྤྱོད་ནས། །
རྫོགས་ལྡན་འཚོ་བའི་དཔལ་ལ་རོལ་གྱུརད་ཅིག །

དགུན་གྱི་ཁངས་དཀར་འདབ་མ་འཐོར་བའི་མཁར། །
བསམ་ཡས་འོད་ཟེར་འཕྲོ་བའི་ཉི་ཟླའི་འགྲོས། །
ཇི་སྲིད་འཁོར་བའི་དབྱིངས་སུ་རྒྱུ་བའི་བར། །
སྐྱེ་རྒུའི་ཚེ་ཡི་ཀ་རིང་རྟག་བརྟན་ཅིག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*