བོད་ཀྱི་གནའ་བོའི་དངུལ་ལོའི་བྱུང་ཚུལ་སྐོར་གླེང་བ།

རྩོམ་པ་པོ། ལྕགས་ཐར།

        ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གི་བོད་མི་རིགས་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ལྡན་ཏེ། ཉེ་བའི་ལོ་ངོ་སུམ་ཅུའི་ནང་དུ་མིའི་རིགས་རིག་པར་ཞིབ་འཇུག་གནང་མཁན་ཚོས་ཆབ་མདོའི་ཁ་རུབ་རྗེས་ཤུལ་དང་། ལྷ་སའི་ཆུ་གོང་རྗེས་ཤུལ་དུ་ལོ་ངོ་སྟོང་ལྔའི་ཡར་སྔོན་དང་ལོ་ངོ་སྟོང་གཉིས་ཡན་གྱི་གནའ་རྫས་མང་པོ་ཞིག་ལག་སོན་བྱུང་བས། དེ་ལས་མེས་པོ་དག་གིས་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདི་རུ་ངལ་རྩོལ་དང་། འཚོ་བ་རོལ་བ་ཤེས་རྟོགས་བྱེད་ཐུབ་ལ། སྐབས་དེ་ནས་བཟུང་གནས་དེ་རུ་རོང་འབྲོག་གཉིས་སུ་གྱེས་ནས་འཚོ་བ་རོལ་མྱོང་བའང་བདེན་དཔང་བྱེད་ཐུབ།

        དེའི་རྗེས་ནས་མདོ་དབུས་མཐོ་སྒང་གི་བོད་མི་རིགས་རིམ་བཞིན་མ་རྒྱུད་རུས་རྒྱུད་ཀྱི་སྤྱི་ཚོགས་དེ་ཕ་རྒྱུད་རུས་རྒྱུད་ཀྱི་སྤྱི་ཚོགས་སུ་གོང་འཕེལ་བྱུང་སྟེ། སྒེར་ལ་དབང་བའི་རྒྱུ་ནོར་གྱི་སྣང་ཚུལ་བྱུང་ནས་དངོས་པོ་དང་དངོས་པོ་བརྗེ་རེས་བྱས་པའི་རྣམ་པ་ཆགས། དེ་དང་བསྟུན་ནས་དབུལ་ཕྱུག་དང་བཙན་གཉོམ་གྱི་ཁྱད་པར་ཆེན་པོ་བྱུང་ནས། ས་ཁུལ་བཅད་བཟུང་གིས་རུས་རྒྱུད་དང་ཚོ་ཁག་གི་རྣམ་པ་ཆགས་ཏེ། དབང་མཛད་བཅུ་བྱུང་ཡོད་པར་གྲགས་པ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟའ་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་རྒྱགས་གཉིས་ལག་ཆ་བྱུང་། །བཞི་བ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆ་ཆུ་གྲི་བྱུང་། །ལྔ་བར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་། །ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར། །ལག་ཆ་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། །བརྒྱད་པ་ཀླུས་བཟུང་སྐམ་ས་གླིང་དགུ་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། །བཅུ་པ་འགོང་པོ་དཔུང་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་པ་ལྟར་དེ་དག་གི་སྐབས་སུ་མདའ་གཞུ་མཚོན་ཆ་དང་། སྟ་རེ། དགྲ་སྟ། མདུང་དང་སྒྱོགས། ཆུ་གྲི། ཞགས་པ། འུར་རྡོ། དོང་རལ། ཕུབ་སོགས་དམག་འཁྲུག་ཏུ་བཀོལ་བར་བྱེད་པའི་མཚོན་ཆ་དང་། ཐོན་སྐྱེད་ཡོ་བྱད་སོགས་བྱུང་བ་ལོ་རྒྱུས་ཡིག་ཚང་དག་ཏུ་གསལ་བ་ལས་གཞན། ད་དུང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་ཁག་ཏུ་གནའ་ཤུལ་མང་པོ་ཞིག་གསར་རྙེད་བྱུང་སྟེ། དེ་དག་ལས་རྡོ་ཆས་ཡོ་བྱད་དང་། རྫ་མ། རུས་ཆས། ཟངས་ཆས། མཁར་ཤུལ་སོགས་གནའ་རྫས་མང་བོ་ཞིག་རྙེད་པར་གྱུར་བ་དེས། སྐབས་དེ་རུའང་འཚོ་བའི་ཉེར་སྤྱད་སོགས་བཟོ་ཐུབ་པའི་ལག་རྩལ་བྱུང་ཡོད་པ་མཐོང་ཐུབ་ལ། ད་དུང་སྐབས་དེར་ལག་རྩལ་གྱི་ཆུ་ཚད་ཀྱང་ཅུང་མཐོན་པོར་སླེབས་ཡོད་པའང་ར་སྤྲོད་བྱས་ཡོད། རྗེས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་གཅིག་གྱུར་མཛད་དེ། དགུང་ལོ་ཆུང་ངུའི་དུས་ནས་རྒྱལ་སྲིད་བཞེས་ཤིང་ཕྱི་ནང་གི་དུས་ཟིང་ལྷིང་འཇགས་བཏང་བ་དང་། རྒྱལ་ས་ལྷ་སར་གནས་སྤོས་ནས་འཛུགས་སྐྲུན་རྒྱ་ཆེར་སྤེལ་བ་དང་། འཛམ་གླིང་སྟེང་ཆེས་སྔོན་གྲས་སུ་ཚུད་པའི་བོད་ཡིག་གསར་གཏོད་མཛད་པ། ཁྲིམས་སྲོལ་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས་པ། སྲིད་འཛིན་ས་ཁུལ་གསལ་བོར་ཕྱེ་བའི་ཁར་སྲིད་གཞུང་དང་། དམག་དཔུང་གི་སྒྲིག་གཞི། དཔོན་རིགས་ཁག་གི་འགན་དབང་གཏན་ལ་ཕབ་པ། རོང་འབྲོག་གི་ཐོན་སྐྱེད་གོང་དུ་སྤེལ་བའི་བྱེད་ཐབས་ལག་ལེན་བགྱིས་ལ། སྤུན་ཟླ་མི་རིགས་དང་ཁྱིམ་མཚེས་རྒྱལ་ཁབ་བར་དུའང་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་བོད་མི་དམངས་ཀྱི་རིག་གནས་དང་། དཔལ་འབྱོར། ཆོས་ལུགས་བཅས་གོང་དུ་སྤེལ་བར་ནུས་པ་མི་དམན་པ་ཐོན། སྐབས་དེར་ད་དུང་བོད་ཁམས་ཡོངས་སུ་ཁྱབ་རྒྱུགས་ཆེ་བའི་དངུལ་ལོ་ཞིག་བྱུང་མེད་ཀྱང་། ཁྲིམས་སྲོལ་ཁོད་སུམ་ཅུ་སོ་དྲུག་གི་ནང་གསེས་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་སུ”རོང་འབྲོག་ས་གནས་ཁག་གི་ཚོང་ལས་གོང་འཕེལ་དང་སྟབས་བདེར་ཡོང་ཆེད་བྲེ་སྲང་ཞོ་ཆ་སོགས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བྱས”ཞེས་པ་ལྟར་འཇལ་གཤོར་འདེགས་གསུམ་གྱི་སྒོ་ནས་རིན་ཐང་འཇལ་བར་བྱེད་པས། གཤམ་ནས་འཇལ་གཤོར་འདེགས་གསུམ་གྱི་སྐོར་ཅུང་ཙམ་འཆད་པར་བྱ།

        དང་པོ། འཇལ་གཤོར་འདེགས་གསུམ།

        དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་སྲན་སོགས། །བཀའ་ལ་བཏགས་པའི་ཁྲིམས་ཡིག་གཉིས་པ་སྟེ། །འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས”ཞེས་གསུངས་པ་ལྟར། འབུམ་གྱི་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ཞེས་པ་དེ་རུ། འབྲུ་མར་གསེར་དངུལ་སོགས་གཞལ་བར་བྱ་བའི་རིགས་འཇལ་གཤོར་འདེགས་གསུམ་གྱི་སྒོ་ནས་ཚད་གཞི་གཅིག་གྱུར་བཟོས་ཡོད་དེ། འབྲུ་རིགས་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་དུ་རྩི་བ་དང་། དེ་ཡང་ཡ་ཁྱོར་གསུམ་དང་ཕྱེད་ཀ་ལ་ཕུལ་གང་དུ་རྩི་བའི་ཕུལ་དྲུག་ལ་བྲེ་གང་དུ་རྩི། དེ་དྲུག་ལ་བྲེ་གང་དུ་རྩི། བྲེ་ཉི་ཤུ་ལ་ཁལ་གཅིག་རྩི་བའི་ལུགས་གཅིག་དང་། ཡང་ཡ་ཁྱོར་གསུམ་ལ་ཕུལ་གང་། ཕུལ་བདུན་ལ་བྲེ་གང་། བྲེ་ཉི་ཤུ་ལ་ཁལ་གཅིག་ཏུ་ལུགས་གཉིས་བྱུང་ཡང་། གང་ལྟར་ཡང་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་དུ་རྩི་བ་ལ་ཁྱད་པར་ཆེན་པོ་མེད། དེ་བས་ད་ལྟའང་ཞིང་ལས་ས་ཁུལ་འགའ་རུ་འབྲུ་རིགས་འཇལ་བའི་ཚེ་ན་བྲེ་ཡི་ཚད་འཛིན་བཞིན་མཆིས་ལ། བྲེ་ནི་ཤིང་བྲེ་ཡིན་པ་དང་། དེ་ནི་སྐབས་དེའི་འབྲུ་རིགས་གཤོར་འཇལ་དང་བྲེའི་ཚད་གཞི་ཡིན།

        ཡང་ཤ་དང་མར་སོགས་འདེགས་བྱེད་སྲང་གི་ཚད་གཞི་ལ། ནས་ཀྱི་འབྲུ་རྡོག་ཆེ་བ་གཉིས་དང་། འབྲིང་བ་གཉིས། ཆུང་བ་གཉིས་བཅས་ནས་འབྲུ་ཆེ་ཆུང་དྲུག་གི་ལྕི་ཚད་ལ་སེ་བ་གང་དུ་རྩི་བ་དང་། སེ་བ་ཉི་ཤུའི་ལྕི་ཚད་ལ་ཞོ་གང་། ཞོ་བཅུའི་ལྕི་ཚད་ལ་སྲང་གང་། སྲང་བཞིའམ་སྤོར་བཞི་ལ་ཉག་གང་། ཉག་ཉི་ཤུ་སྟེ་སྲང་བརྒྱད་ཅུ་ཐམ་པ་ལ་ཁལ་གཅིག་ཏུ་རྩི་བར་བྱེད། དེ་ནི་སྐབས་དེའི་འདེགས་འཇལ་གྱི་སྲང་ཚད་ཡིན་པ་དང་། འདེགས་བྱེད་ཀྱི་སྲང་ནི་ཤིང་སྲང་ཡིན་པར་བཤད། དེ་བཞིན་དུ”གསེར་སྲང་གང་ལ་བོད་དངུལ་སྲང་དོ། བོད་དངུལ་ཟངས་བརྒྱད(གསེར་སྲང་བཞི)ལ་དངུལ་བྲེ་གང་། དངུལ་སྲང་བཅུ་ལུགས་སུ་བླུགས་པའི་དངུལ་ལ་བཅུ་ཁོག་གཅིག དངུལ་སྲང་སུམ་ཅུ་སོ་གཉིས་ལ(གསེར་སྲང་བཅུ་དྲུག)དངུལ་སྲང་ལྔ་བཅུ་ཐམ་པ་དང་། དངུལ་བྲེ་ཆེན་གཅིག(གསེར་སྲང་ཉི་ཤུ་རྩ་ལྔ)ཡིན་པར་འདུལ་བའི་ཡིག་ཆ་ཁག་དང་། 《མ་བྱིན་ལེན་གྱི་ཉེས་པའི་རིན་ཐང་གི་ཚད་བཤད་པ》ཞེས་པར་གསལ”ཞེས་པ་ལྟར་ཡིག་ཚང་ཁག་ཏུ་བཀོད་ཡོད།

        གསེར་དངུལ་སོགས་ཀྱི་འདེགས་ཚད་ནི་སྲན་བདུན་ལ་ནམ་གཅིག་དང་། ནམ་བདུན་ལ་ཞོ་གང་། ཞོ་བཅུ་ལ་སྲང་གང་ཡིན་པར་གྲགས། སོར་བཅུ་གཉིས་ལ་མཐོ་གང་དང་། མཐོ་དོ་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་རེ་རྩི་བའི་རིང་ཐུང་འཇལ་བྱེད་ཀྱི་ཚད་དེ་ད་ལྟའང་རང་རེའི་འཚོ་བའི་ཁྲོད་དུ་མཐོང་རྒྱུ་འདུགདེ་བཞིན་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དུ”བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ”ཞེས་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་ཏེ་འཇལ་གཤོར་འདེགས་གསུམ་གྱི་བཀོལ་སྤྱོད་ལ་རྒྱབ་སྐྱོར་ཆེན་པོ་གནང་ཡོད། དེ་ལྟར་སྐབས་དེར་རྒྱལ་པོ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་སོགས་གཅིག་ཏུ་བསྡུས་ནས། བོད་ཁམས་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་ལེགས་འགྲུབ་མཛད་པར་མ་ཟད། དམག་དོན་ལམ་ལུགས་དང་ཆབ་སྲིད་བྱེད་ཐབས་མང་དུ་ལག་བསྟར་གནང་བ་དང་། དཔལ་འབྱོར་ལམ་ལུགས་ཐད་ལའང་སྔ་ན་མེད་པའི་བསྒྱུར་བཅོས་ཆེན་པོ་མཛད་པར་བརྟེན། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐད་དུའང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་། དེ་མཚུངས་སུ་ཐོན་སྐྱེད་ལག་རྩལ་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཚོང་ལས་ཐད་དུའང་ཉེ་འབྲེལ་རྒྱལ་ཁབ་བལ་བོ་དང་། ཐང་རྒྱལ་རབས། སྟག་གཟིག རྒྱ་གར་སོགས་ལ་ཚོང་འབྲེལ་བཙུགས་སྟབས། ཚོང་ལས་བྱ་གཞག་ཀྱང་གོང་འཕེལ་དུ་འགྲོ་བའི་ལམ་དུ་ཞུགས།

        གཉིས་པ། བོད་དུ་ཐོག་མར་བཀོལ་སྤྱོད་བྱས་པའི་དངུལ་ལོ།

        དུས་རབས་བཅུ་དྲུག་པའི་སྐབས་དེར་བོད་དུ་ད་དུང་དངུལ་ལོ་བྱུང་བའི་ལོ་རྒྱུས་མ་མཐོང་ལ། འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་དངུལ་ལོ་བྱུང་ཡོད། དུས་དེར་བོད་ནང་ཁུལ་དུ་དངུལ་ལོའི་ཚབ་ཏུ་དངུལ་སིལ་མ་བེད་སྤྱོད་བྱེད་བཞིན་ཡོད་ལ། བལ་བོ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་བོད་ཀྱི་ཚོང་བ་དག་བལ་བོ་རུ་ཕྱིན་ནས་ཕྱིའི་ཚོང་ཟོང་ནང་དུ་འདྲེན་དང་། དངུལ་དཀར་སིལ་མ་བལ་བོའི་དངུལ་ལོར་བརྗེས་ཏེ་རྗེས་ཕྱོགས་ཀྱི་ཚོང་རྒྱག་པར་ཧ་ཅང་སྟབས་བདེ་བཟོས་པས། དེ་ནས་བཟུང་བལ་བོའི་ཚོང་བ་དག་ཀྱང་བོད་དུ་ཐོན་ནས་བལ་དང་། པགས་པ། གླ་རྩི། གསེར་སོགས་ཀྱི་ཐོན་རྫས་ཉོས་པས། བལ་བོའི་དངུལ་ལོ་བོད་ལྗོངས་སུ་མང་དུ་བྲིན་པ་དང་བསྟུན་ནས། བལ་བོའི་དངུལ་ལོ་བོད་ལྗོངས་ས་ཁུལ་དུ་ཁྱབ་རྒྱུགས་ཀྱང་ཅུང་ཆེན་པོ་བྱུང་སྟེ། བོད་དང་བལ་བོ་ཡི་ཚོང་འགྲུལ་རྒྱུ་ལམ་ཡང་ཇེ་ཡངས་སུ་སོང་། འོན་ཀྱང་སྐབས་དེར་བལ་བོའི་ཕྱོགས་ཀྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པས། 1769ལོར་བལ་བོའི་རྒྱལ་པོ་སླ་ན་ཡང་གིས་ཀ་ལ་མན་ཏུར་ཆུ་བོའི་འགྲམ་གྱི་རྒྱལ་ཕྲན་ཆུང་ངུ་གསུམ་མཆིས་པ་དེར་དམག་དྲངས་ནས་རང་ཉིད་ཀྱི་མངའ་འོག་ཏུ་བཅུག་པར་མ་ཟད། ལོ་དེར་བལ་ཡུལ་དུ་གོར་ཁ་རྒྱལ་རབས་གསར་འཛུགས་བྱས། དེར་མཐུད་ནས་མངའ་ཁོངས་རྒྱ་སྐྱེད་ཀྱི་སྲིད་ཇུས་ལག་བསྟར་གྱིས་བལ་ཡུལ་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་དང་ཤར་ཕྱོགས་འབྲས་ལྗོངས་སོགས་བོད་ཀྱི་ས་ཆ་འགའ་ཞིག་ཀྱང་བདག་འཛིན་བྱས་པས། གོར་བོད་བར་གྱི་མཛའ་བརྩེའི་འབྲེལ་བའང་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན། དེ་དང་བསྟུན་ནས་བལ་བོའི་ཕྱོགས་ཀྱིས་མ་རུང་ཁོག་བཅུག་གིས་གོར་ཊམ(བལ་བོའི་དངུལ་ལོ)ལ་ལྷད(གོར་ཊམ་དུ་དངུལ་དཀར་འདྲེས་ཚད་ཕྱེད་ཀ་སྟེ50%ཙམ་ཡང་མེད)བཏང་ནས་བོད་ཀྱི་དངུལ་དཀར་ལ་བརྗེ་བར་བྱས་པས། བོད་ཕྱོགས་ཀྱི་ཚོང་བ་དང་དཔོན་རིགས་ཁག་ཁོང་ཁྲོ་ཆེན་པོ་ལངས་ཏེ་མཐར་གོར་བོད་དམག་འཁྲུག་ལངས་པའི་གནས་སུ་གྱུར། དེར་བརྟེན་གོར་བོད་བར་གྱི་དངུལ་ལོའི་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་མ་ཐུབ་པ་དང་། ཚོང་ལས་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་གཙོར་བྱས་ཐོག ཆབ་སྲིད་སྟེང་གི་འགལ་བ་སྣ་ཚོགས་ལ་བརྟེན་ནས1788ལོར་གོར་ཁས་དངོས་སུ་བོད་ལ་དམག་དྲངས་ཏེ་བཙན་འཛུལ་བྱས་པ་དང་། 1791ལོར་བོད་དུ་བཙན་འཛུལ་དམག་འཁྲུག་ཆེན་པོ་བསླངས། དེར་གོར་བོད་དམག་འཁྲུག་འབྱུང་རྐྱེན་སྐོར་ལ་ལོ་རྒྱུས་ཡིག་ཆ་སོགས་སུ་རྒྱུ་རྐྱེན་གསུམ་ཡོད་པར་བགྲང་སྟེ། “དང་པོ། ལོ་རྒྱུས་ཐོག་བོད་ལ་དངུལ་ཡོད་ཀྱང་ཁྱབ་གདལ་ཆེ་བ་མེད་པས། བོད་དང་བལ་བོའི་ཉོ་ཚོང་བྱེད་སྐབས་ཟོག་ལ་ཟོག་འཇལ་བྱེད་པའི་གནའ་རབས་ཀྱི་ཚོང་ལུགས་ལག་ལེན་བསྟར། རྗེས་སུ་ཕན་ཚུན་དབར་གོར་ཊམ་བེད་སྤྱོད་པའི་སྲོལ་དར། བོད་ཀྱི་དངུལ་འབོར་ཆེན་བལ་ཡུལ་དུ་དྲངས་ནས་གོར་ཊམ་བཟོས་ཏེ་བོད་དུ་བེད་སྤྱད། ནམ་ཞིག་ན་གོར་ཁ་པས་མ་རུངས་ཁོག་བཅུག་གིས་གོར་ཊམ་ལ་ལྷད་བཏང་ནས་ལོ་རེར་ཆ་ཏམས་བལ་བོའི་སྒོར་ཁྲི་བཅུ་ལྷག་ཙམ་ཧམ་ཟོས་བྱས་པ་སོགས་ལ་བརྟེན། འབྲུག་པ་དང་བོད་པ་ཁོང་ཁྲོའི་མེ་ལྕེ་འབར་བའི་གནས་སུ་གྱུར། དེའི་རྗེས་ཁོ་པ་ཚོས་རི་མོ་མི་འདྲ་བའི་གོར་ཊམ་བཟོས་པ་དེ་བོད་ནས་འགྲོ་རྒྱུགས་མ་བྱུང་སྟབས་གོར་བོད་བར་འགལ་བ་ཆེས་ཆེར་ཕྱིན། གཉིས་པ། བོད་ཕྱོགས་ནས་གཉའ་ནང་དང་། སྐྱིད་རོང་། རོང་ཤར་སོགས་བོད་བལ་ས་འབྲེལ་གྱི་ས་གནས་དེ་དག་གི་ཚྭ་ཤོ་དང་། ཚོང་ཟོག་དཔྱ་ཁྲལ་བརྒྱ་ཆའི་བརྒྱ་བར་སྤར་བ་དང་། བོད་ཀྱི་དཔོན་རིགས་ལ་ལས་གཉའ་ནང་དུ་སྡོད་པའི་བལ་བོའི་ཚོང་བར་བརྡབས་གསིག་བཏང་བ་སོགས་ཀྱིས་སློག་ཆ་སྤྲོད་རྒྱུ་བྱས་ཀྱང་མཐར་མ་སྤྲད་པ། གསུམ་པ། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་གཅུང་ཞྭ་དམར་པའི་དོན་གནད་སྐོར”བཅས་ཡིན་ལ། དེའི་ནང་ནས་ཀྱང་གཙོ་ཆེ་བ་དངུལ་ལོའི་སྐོར་གྱི་དོན་རྐྱེན་ཡིན་པ་སྨོས་མ་དགོས། དེའི་རྗེས་ནས་ཆིན་སྲིད་གཞུང་གིས་དཔུང་དམག་བོད་ལ་མངགས་ཏེ་བོད་དམག་དང་མཉམ་དུ་གོར་ཁའི་བཙན་འཛུལ་དམག་བོད་ནས་མཐར་སྐྲོད་བཏང་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང་། བཀའ་ཤག པཎ་ཆེན་རིན་པོ་ཆེ། ཛ་སག་སོགས་ལ་གྲོས་མོལ་གཟབ་ནན་བགྱིས་ཐོག རྗེས་ཕྱོགས་བོད་ཀྱི་ལས་དོན་སྐོར་ལ་རྩ་འཛིན་དོན་ཚན་ཉེར་དགུ་གཏན་འབེབས་གནང་སྟེ། མེས་རྒྱལ་གྱི་མཐའ་མཚམས་སོ་སྲུང་སྲ་བརྟན་དང་། བོད་ཁུལ་གྱི་དངུལ་ལོ་ལམ་ལུགས་འཐུས་ཚང་། ཐོན་སྐྱེད་གོང་སྤེལ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཡར་རྒྱས་སུ་བཏང་། དེ་ནས་བཟུང་གོར་ཊམ་བོད་ཁུལ་དུ་བེད་སྤྱོད་གཏོང་བའི་ལོ་རྒྱུས་མཇུག་རྫོགས་པར་གྱུར། གཤམ་ནས་བོད་ཁུལ་དུ་བཀོལ་སྤྱོད་བྱས་པའི་བལ་བོའི་དངུལ་ལོ་གཡར་མའི་སྐོར་ངོ་སྤྲོད་རགས་ཙམ་ཞུ་ན། དངུལ་ལོ་ཆེས་ཐོག་མ་དེ་ལ་རིགས་གཉིས་ཡོད་དེ།

        དང་པོ་ནི། སྐབས་དེའི་སུའུ་ཏན་རྒྱལ་པོ་ཨ་ལ་བུའུ་ཏི•ཏེན•ཁི་ཧེ་ཨར་ཅིས་བཟོས་པའི་དངུལ་ལོ་ལ་དཔེ་བལྟོས་ཏེ་བཟོས་པའི་དངུལ་ལོ་སྟེ། ལྕི་ཚད་ལ་ཁེ10.50དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི30.50ཡོད་ལ། མཐུག་ཚད་ལ་ཧོ་སྨི2.00ཡོད།

        གཉིས་པ་ནི། སུའུ་ཏན་རྒྱལ་པོ་ཅི་ཡ་སི•བུའི་ཏེ•ཏེ•སྦྲང་རྩི་བློ་གྲོས•ཧྲ་སྐུ་ཕྲེང་གསུམ་པས་བཟོས་པའི་དངུལ་ལོ་ལ་དཔེ་བལྟོས་ནས་བཟོས་པ་ཡིན་ཏེ། ལྕི་ཚད་ལ་ཁེ9.50དང་། ཚངས་ཐིག་ལ་ཧོ་སྨིག29.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.95ཡོད།

        དངུལ་ལོ་རིགས་འདི་གཉིས་ཀྱི་མིང་ལ་ཐན་ཁ་དངུལ་ལོ་ཟེར་ཞིང་། ཐོག་མའི་དུས་སུ་དངུལ་ལོ་འདི་གཉིས་ཀྱི་ཁ་དོག་སོགས་གང་ཐད་ནས་ལེགས་པར་མཐོང་ཡང་། དུས་ཡུན་ཅུང་འགོར་ན་མདོག་འགྱུར་ནས་མི་སྡུག་པར་གྱུར་པར་མ་ཟད། དངུལ་གྱི་འདྲེས་ཚད་ཀྱང་སུམ་ཆའི་གཅིག་ཙམ་ལས་མེད།

        དེ་ལྟར་བལ་བོ་དང་བོད་བར་གྱི་དངུལ་ལོ་དང་དངུལ་ཉོ་ཚོང་གི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་བསྟུན་ནས། བོད་ཁུལ་ཕྱོགས་སུའང་གོར་ཊམ་མཁོ་ཆེར་བྱུང་སྟེ། བོད་ཀྱི་ཚོང་བ་དག་གིས་སྐབས་དེའི་གོར་ཁའི་སྲིད་གཞུང་ལ་བོད་ནས་གོར་ཊམ་བཟོ་བར་རེ་འདོད་ཞུ་བའི་རྣམ་པ་བྱུང་། དེར་བལ་གཞུང་གིས་སྔོན་གྱི་ཐན་ཁ་དངུལ་ལོ་དེའི་ཁ་དོག་གི་རྒྱུ་སྤུས་ཧ་ཅང་ཞན་པ་དང་། ལྕི་དྲགས་པ། སྟབས་བདེ་མིན་པ་སོགས་ལ་གཞིགས་ནས”མོ་ཧྭ”ཞེས་པའི་དངུལ་ལོ་གསར་བ་བཟོས་ཏེ། བོད་ཁུལ་དུ་དངུལ་དཀར་དང་དངུལ་ལོ་ཉོ་ཚོང་བྱེད་པའི་རྒྱ་ཇེ་ཆེར་བཏང་། དེ་ནས་སྤྱི་ལོ1640ནས1791ལོའི་བར་དུ་བལ་བོའི་ཕྱོགས་ཀྱིས་དངུལ་ལོ་རིགས་མང་པོ་ཞིག་བཟོས་ཀྱང་། ཡོད་ཚད་བོད་ཁུལ་དུ་ཁྱབ་རྒྱུགས་བྱུང་མ་ཐུབ་མོད། དེའི་ནང་གི་བོད་ཁུལ་དུ་ཁྱབ་རྒྱུགས་བྱུང་བ་འགའ་བདམས་ནས་འདིར་བཀོད་ན།

        གཅིག ཅ་ཏི་མན་ཏུའུ་རྒྱལ་ཕྲན་གྱི་དངུལ་ལོ།

        ༡.སྤྱི་ལོ1641ནས1674ལོའི་བར་དུ་ཕུའུ་རེ་ཐེ་ཡུན•མ་ལཱ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ་5.54དང་། མཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.40ཡོད།

        ༢.སྤྱི་ལོ1669ལོར། ཅེ་ཁེ་རུའུ་བཱ་ཐང་ཁ•མ་ལཱ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.10དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི25.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.40ཡོད།

        ༣.སྤྱི་ལོ1670ལོར་མཱ་ཧེ་ཕུའུ་ཏེ•མ་ལ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ་5.20དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.50ཡོད།

        ༤.སྤྱི་ལོ1674ལོར་ནེ་རེ་ཕུའུ་ཏེ•མ་ལ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ་5.40དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི25.90ཡོད་ལ། མཐུག་ཚད་ལ་ཧོ་སྨི1.38ཡོད།

        ༥.སྤྱི་ལོ1680ལོ་ནས1687ལོའི་བར་ཕ་ཧྲིན་བན་ཏེ•མ་ལཱ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.20དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.50ཡོད།

        ༦.སྤྱི་ལོ1687ལོ་ནས1700ལོའི་བར་པུའུ་ཧུའུ་ཕེ་ལན་ཏེ•མ་ལན་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.20ཡོད་པ་དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.40ཡོད།

        ༧.སྤྱི་ལོ1701ལོ་ནས1715ལོའི་བར་པུའུ་ཧྭ་སི་ཁ་ན•མ་ལ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.20དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.38ཡོད།

        ༨.སྤྱི་ལོ1715ལོ་ནས1722ལོའི་བར་མ་ཧིན་ཏེ་ལ•ཞི་མུའུ་ཧྭ་རྒྱལ་མོས་བཟོས་པའི་དངུལ་ལོ་དར་ཁྱབ་བྱུང་། དངུལ་ལོ་དེའི་མཐུག་ཚད་ལ་ཧོ་སྨི1.38དང་། ཚངས་ཐུག་གི་རིང་ཚད་ལ་ཧོ་སྨི27.00ཡོད་ལ། ལྕི་ཚད་ལ་ཁི5.49ཡོད།

        ༩.སྤྱི་ལོ1747ལོ་ནས1750ལོའི་བར་ཅི་ཡོ་ཏིས•ཕུའུ་ལ་ཁ་ཧྲི་རྒྱལ་པོས་བཟོས་པའི་དངུལ་ལོ་དར་ཁྱབ་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.31དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.10ཡོད་ལ། མཐུག་ཚད་ལ་ཧོ་སྨི1.30ཡོད།

        ༡༠.སྤྱི་ལོ1750ལོ་ནས1768ལོའི་བར་ཅ་ཡ•ཕུའུ་ལ་ཁ་ཧྲི•མ་ལ་རྒྱལ་པོས་བཟོས་པའི་དངུལ་ལོ་དར་ཁྱབ་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.31དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི29.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.20ཡོད། གོང་དུ་བཤད་པའི་དངུལ་ལོ་དེ་དག་ནི་བོད་ཁུལ་དུ་བེད་སྤྱོད་བྱས་མྱོང་བའི་ཅ་ཏི་མན་ཏུའུ་རྒྱལ་ཕྲན་གྱི་དངུལ་ལོ་ཡིན།

        གཉིས། པ་ཏི་ཀང་རྒྱལ་ཕྲན་གྱི་དངུལ་ལོ།

        ༡.སྤྱི་ལོ1696ལོར་པུའུ་ཧུའུ་ཕ་ཏུན•མ་ལཱ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.31དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི29.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.20ཡོད།

        ༢.སྤྱི་ལོ1722ལོར་ལ་ན་ཅི་ཐི•མ་རྒྱལ་པོས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་མཐུག་ཚད་ལ་ཧོ་སྨི1.40དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.90ཡོད་ལ། ལྕི་ཚད་ལ་ཁེ5.45ཡོད།

        གསུམ། ཕ་ཐན་རྒྱལ་ཕྲན་གྱི་དངུལ་ལོ།

        ༡.སྤྱི་ལོ1661ལོ་ནས1685ལོའི་བར་ཧྲི་རེ་ཉིས་བ་ས•མ་ལཱས་བཟོས་པའི་དངུལ་ལོ་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.38དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.32ཡོད་ལ། མཐུག་ཚད་ལ་ཧོ་སྨི1.42ཡོད།

        ༢.སྤྱི་ལོ1685ལོ་ནས1705ལོའི་བར་ཡོ་ཀི་ན་རེ་ཏེ•མ་ལས་བཟོས་པའི་དངུལ་ལོ་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ་5.45དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.20ཡོད་ལ། མཐུག་ཚད་ལ་ཧོ་སྨི1.50ཡོད།

        ༣.སྤྱི་ལོ1709ལོར་ཝེ་ཡ་ཏ་ཡ•མུའུ་ཧྭ•མ་ལཱས་བཟོས་པའི་དངུལ་ལོ་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.49དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི5.34ཡོད་ལ། མཐུག་ཚད་ལ1.28ཡོད།

        ༤.སྤྱི་ལོ1709ལོ་ནས1715བར་ཝེན•མ་ཧིན་ཏེ་ལ•མ་ལཱ་ཡིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.54དང་། མཚངས་ཐིག་གི་རིང་ཚད་ལ་ཧོ་སྨི25.40ཡིན་ལ། མཐུག་ཚད་ལ་ཧོ་སྨི1.52ཡོད།

        ༥.སྤྱི་ལོ1715ལོ་ནས1717ལོའི་བར་ཝེ་ཏེ་ཧིན་ན་རོ་ཞི་མུའུ•མ་ལཱ་ཡིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.42དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི27.00ཡིན་ལ། མཐུག་ཚད་ལ་ཧོ་སྨི1.32ཡོད།

        ༦.སྤྱི་ལོ1717ལོ་ནས1722ལོའི་བར་ཅ་ཡ•མ་ཧིན་ཏེ་ལ•ཞི་མུའུ་ཧྭ་ཡིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.48དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི25.80ཡོད་ལ། མཐུག་ཚད་ལ་ཧོ་སྨི1.30ཡོད།

        ༧.སྤྱི་ལོ1722ལོ་ནས1729ལོའི་བར་ཡ་ཀ•ཕ་ལ་ཁ་སི•མ་ལཱས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.37དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.60ཡོད་ལ། མཐུག་ཚད་ལ་ཧོ་སྨི1.30ཡོད།

        ༨.སྤྱི་ལོ1729ལོ་ནས1745ལོའི་བར་དུ་ཅ་ཡ•ལེ་སི་ནུའུ•མ་ལཱས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་མཐུག་ཚད་ལ་ཧོ་སྨི1.40དང་། ཚངས་ཐིག་གི་རིང་ཚད་ཚད་ཧོ་སྨི26.00ཡོད་ལ། ལྕི་ཚད་ལ་ཁེ5.45ཡོད།

        བཞི། ཧྲ་ཨ་རྒྱལ་རབས་ཀྱི་དངུལ་ལོ།

        ༡.སྤྱི་ལོ1768ལོ་ནས1775ལོའི་བར་དུ་ཕུའུ་རེ་སི་ཝེ•ན་ལ་ཡང་གིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.50དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི29.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.30ཡོད།

        ༢.སྤྱི་ལོ1774ལོ་ནས1777ལོའི་བར་ཕ་ལ་ཐུ་ཕུའུ•ཞི་མུའུ་ཧྭ་ཡིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚད་ལ་ཁེ5.44ཡོད་པ་དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི27.90ཡོད་ལ། མཐུག་ཚད་ལ་ཧོ་སྨི1.24ཡོད།

        ༣.སྤྱི་ལོ1777ལོ་ནས1798ལོའི་བར་ལ་ན་པ་ཧྭ•ཏུའུ་ཨར་གྱིས་བཟོས་པའི་དངུལ་ལོ་ཁྱབ་རྒྱུགས་བྱུང་། དངུལ་ལོ་དེའི་ལྕི་ཚང་ལ་ཁེ5.20དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི26.70ཡོད་ལ། མཐུག་ཚད་ལ་ཧོ་སྨི1.20ཡོད་དོ། །

        གོང་ནས་མཚམས་སྦྱོར་ཞུས་པ་ནི་བལ་བོའི་དངུལ་ལོ་བོད་ཁུལ་དུ་ཁྱབ་རྒྱུགས་བྱུང་བ་ཁག་ཅིག་ཡིན་པ་དང་། ཕལ་ཆེར་བལ་བོའི་རྒྱལ་པོ་རེ་རེའི་སྐབས་སུ་དངུལ་ལོ་བཟོས་ཏེ། རྒྱལ་པོ་རང་རང་གི་མཚན་དང་ལོ་ནམ་ཞིག་ལ་བཟོས་པའི་ལོ་ཚིགས་ཀྱང་བཀོད་ཡོད། རི་མོའི་ཆ་ནས་ཀྱང་སྐབས་དེར་བལ་བོའི་རྒྱལ་པོ་དག་ཨ་རབ་རྒྱལ་ཁབ་ལ་འབྲེལ་འདྲིས་ཅུང་ཟབ་མོ་ཡོད་པས། ཨ་རབ་རིག་གནས་ཀྱི་ཤན་ཆེན་པོ་ཐེབས་འདུག

        གསུམ་པ། བོད་དུ་ཐོག་མར་བཟོས་པའི་དངུལ་ལོ།

        སྤྱི་ལོ1763ལོར་གོར་ཁའི་དམག་དང་ཚོང་བ་དག་བོད་ནས་མཐའ་སྐྲོད་བཏང་རྗེས། བོད་དང་གོར་ཁ་བར་གྱི་ཚོང་འགྲུལ་རྒྱུ་ལམ་ཆད་པ་དང་། ཚོང་ཟོག་ཉོ་ཚོང་གི་འབྲེལ་བའང་རིམ་བཞིན་ཆད་ནས་གོར་ཁའི་དངུལ་ལོ་བོད་དུ་མི་བྲིན་པར་གྱུར་བས། དེ་ནས་བཟུང་གོར་ཊམ་བོད་དུ་བེད་སྤྱོད་བྱེད་པ་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་རྗེས་སུ་གཏན་ནས་བེད་སྤྱོད་མི་བྱེད་པའི་སྣང་ཚུལ་ཆགས། གོར་བོད་བར་གྱི་འབྲེལ་བ་ཆད་པ་དང་དུས་མཚུངས་སུ་བོད་ཀྱི་ཚོང་པ་དག་གིས་མེས་རྒྱལ་ནང་ལོགས་སུ་ཚོང་འགྲུལ་རྒྱུ་ལམ་བཙུགས་ཏེ། དངུལ་རྡོ་ཚད་མ་རིགས་བཞི་བོད་ཁུལ་དུ་དར་ཁྱབ་བྱུང་།

        དངུལ་རྡོ་ཚད་རིགས་དང་པོ་དེར་དམངས་ཁྲོད་དུ་ལྔ་བཅུ་མ་རུའང་འབོད་དེ། རྒྱུ་མཚན་ནི་དངུལ་སྒོར་དེའི་རྒྱབ་ངོས་སུ་བོད་ཡིག་གིས”ལྔ་བཅུ”ཞེས་བྲིས་ཡོད་ལ། མདུན་ངོས་སུ་རྒྱ་ཡིག་གིས”སྲང་ལྔ་བཅུ་ཐམ་པ། ཁང་ཞིའི་ཁྲི་ལོ་ཉེར་བཞི་བའི་ཟླ་བརྒྱད་པར་བཟོས”ཞེས་བྲིས་ཡོད། སྐབས་དེའི་འཇལ་ཚད་ལྟར་ན། སྲང1ལ་ཁེ37.2ཡོད་པ་དང། རྒྱ་མ1ལ་ཁེ595.8དང་མཉམ། དངུལ་རྡོ་ཚད་དེའི་དབྱིབས་ནི་རྔ་དང་འདྲ་བར་སྒོར་མོ་ཞིག་ཡིན། དེའི་མཐུག་ཚད་ལ་ཧོ་སྨིlདང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི685ཡོད་ལ། སྟེང་གི་རིང་ཚད་ལ་ཧོ་སྨི57.7དང་། ཞབས་ཀྱི་རིང་ཚད་ལ་ཧོ་སྨི55.l5དང། ལྕི་ཚད་ལ་ཁེ1855.5ཡོད།

        རིགས་གཉིས་པའི་དངུལ་རྡོའི་ཚད་དེ་སྒ་དབྱིབས་དང་མཚུངས་ལ། དེའི་རིང་ཚད་ལ་ཧོ་སྨི75.4དང་། མཐོ་ཚད་ལ་ཧོ་སྨི57.7ཡོད་ལ། རྐེད་པའི་རིང་ཚད་ལ་ཧོ་སྨི43.55ཡོད་པར་མ་ཟད། ལྕི་ཚད་ལ་ཁེ1118.6ཡོད། རྒྱབ་ངོས་སུ་བོད་ཡིག་གིས་གྲངས་ཚད་ཨང་ཀི”སུམ་ཅུ་ཐམ་པ”ཞེས་བྲིས་འདུག

        རིགས་གསུམ་པ་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་རྡོ་ཚད་ཡིན་ཏེ། དེར་སྲང་སུམ་ཅུ་དང་། སྲང་བཞི། སྲང་གསུམ། སྲང་གཉིས། སྲང་གང་། ཞོ་བདུན་སོགས་ཡོད། དངུལ་ལོ་དེ་དག་གི་དབྱིབས་ཀྱང་ཆེ་ཆུང་དང་ལྕི་ཚད་མི་འདྲ་བའི་དབང་གིས་རིན་ཐང་གི་བར་ཁྱད་ཀྱང་དེ་བཞིན་དུ་འདྲ་བ་མིན།

        དེས་ན་དངུལ་རྡོའི་ཚད་ཚད་རེ་རེའི་ཆེ་ཆུང་བསྐྱུར་ནས་ལྕི་བརྗོད་ན། དངུལ་རྡོའི་ཚད་སྲང་སུམ་ཅུ་ཅན་གྱི་ལྕི་ཚད་ལ་ཁེ1113ཡོད་པ་དང་། སྲང་བཞི་ཅན་ལ་ཁེ148.6མཆིས། སྲང་གསུམ་ཅན་ལ་ཁེ111.2ཡོད། སྲང་གཉིས་ཅན་ལ་ཁེ74.6ཡོད། སྲང་གང་ཅན་ལ་ཁེ37.4དང་། ཞོ་བདུན་ཅན་ལ་ཁེ262ཡོད།

        དེའི་རྗེས་ནས་དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་དྲུག་པ་འཇམ་དཔལ་བདེ་ལེགས་རྒྱ་མཚོས་སྡེ་བ་གཞུང་གི་སྲིད་སྐྱོང་བའི་རིང་ལ་བོད་རང་གི་དངུལ་ལོ་བཟོ་བའི་ཇུས་འགོད་གནང་སྟེ། སྤྱི་ལོ1791ལོར”བཅུ་གསུམ་ཞེ་ལྔ”(དངུལ་ལོའི་མིང)གསར་བཟོ་གནང་ཞིང་། “བཅུ་གསུམ་ཞེ་ལྔ”ཞེས་པ་ནི་བོད་རབ་བྱུང་བཅུ་གསུམ་པའི་ལོ་ཞེ་ལྔ་ཞེས་པ་ཡིན་ལ། དེ་འགྲེམ་སྤེལ་གྱི་ལོ་ནི་སྤྱི་ལོ1791ལོ་ཡིན་པ་དང་། རིན་ཚད་ཞོ་གང་སྐར་ལྔ་ཡིན། དེར་པར་གཞི་རིགས་མི་འདྲ་གསུམ་མཆིས་ལ། རི་མོའི་དབྱིབས་དང་ལྕི་ཚད་སོགས་ཀྱང་ཕལ་ཆེར་མི་འདྲ།

        དེ་ནས་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དུས་སུ། དངུལ་ལོའི་མདུན་ངོས་སུ”དགའ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བ”དང་། རྒྱབ་ངོས་སུ”མི་ག་གླ་ཤྲཱི”སྟེ་བཀྲ་ཤིས་བདེ་ལེགས་ཞེས་པའི་དངུལ་ལོ་དེ་བཟོས། དངུལ་ལོ་དེའི་རི་མོ་དང་ཡི་གེ་སོགས་གང་ཐད་ནས”བཅུ་གསུམ་ཞེ་ལྔ”དང་བསྡུར་ན་བོད་རང་གི་ཁྱད་ཆོས་མངོན་གསལ་ལྡན་པར་མ་ཟད། ཁ་དོག་ཀྱང་སྔོན་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་ཡོད།

        དེ་ནས་རབ་བྱུང་བཅུ་གསུམ་པའི་ཞེ་དྲུག་ལོར(1792ལོ)”བཅུ་གསུམ་ཞེ་དྲུག”ཅེས་པའི་དངུལ་ལོ་དེ་བཟོས་ནས་འགྲེམ་སྤེལ་བྱས། “བཅུ་གསུམ་ཞེ་དྲུག”ཅེས་པའང་རབ་བྱུང་བཅུ་གསུམ་པའི་ལོ་ཞེ་དྲུག་ལོར་གསར་བཟོ་མཛད་པ་དང་། མདུན་ངོས་དཀྱིལ་གྱི་གྲུ་བཞི་མ་ཞིག་གི་ནང་དུ་བོད་ཀྱི་ཨང་ཀིས13.46ཅེས་བཀོད་ཡོད་པ་དང་། དེའི་མཐའ་རུ་མེ་ཏོག་བརྒྱད་ཀྱིས་རྒྱན་རིས་ཀྱི་ཚུལ་དུ་བཀོད་ཡོད། ཨང་ཀིའི་མགོ་རུ་ཉི་ཟླ་སྐར་གསུམ་གྱི་མཚོན་རིས་ཡོད་ལ། མཐའ་འཁོར་དུ་སྐར་དབྱིབས་ཀྱིས་བརྒྱན་པར་བྱས་ཡོད། རྒྱབ་ངོས་སུ་དཀྱིལ་དུ་མེ་ཏོག་ཅིག་ཡོད་པ་དང་། དེའི་མཐའ་རུ་སྒོར་ཐིག་ཟུང་ལྡན་ཞིག་འཐེན་ཡོད་ལ། དེའི་ཕྱི་རུ་བཀྲ་ཤིས་རྟགས་བརྒྱད་དེ། པད་མ། དུང་དཀར། དཔལ་བེའུ། གདུགས། རྒྱལ་མཚན། འཁོར་ལོ། བུམ་པ། གསེར་ཉ་སོགས་བརྒྱད་ཡོད་པ་དང་། རིན་ཚད་ཞོ་གང་སྐར་ལྔ་ཡིན།

        གཞན་སྐབས་དེར་དངུལ་ལོ་སིལ་མའང་བེད་སྤྱོད་བྱས་ཏེ། དཔེར་ན་རིན་ཚད་ཞོ་གང་སྐར་ལྔ་ལ་མི་བྲི་བའི་དངོས་པོ་ཞིག་ཉོ་བའི་ཚེ་ན། དེར་དངུལ་སིལ་མ་སློག་རྒྱུ་མེད་པས་དངུལ་ལོ་སིལ་བུར་བཏང་ནས་ཕྱེད་ཀའམ་ཆ་ཤས་སྦྱིན་པར་བྱེད། དེ་ལྟར་བྱས་ནའང་དེ་ནི་ད་ལྟའི་ཤོག་སྒོར་དང་མི་འདྲ་བར་དངུལ་གྱི་རིན་ཐང་དེ་མཚུངས་སུ་ཡོད་པས་རྗེས་ཕྱོགས་སུའང་མུ་མཐུད་དུ་བེད་སྤྱོད་བགྱིས་ཆོག

        བཞི་བ། བོད་ཀྱི་རིམ་བྱུང་དངུལ་ལོའི་སྐོར།

        སྤྱི་ལོ1793ལོར་ལྷ་ས་རུ་དངུལ་ལོ་བཟོ་སའི་ལས་ཁུངས་ཤིག་བཙུགས་ཏེ། རིན་ཚད་ལ་ཞོ་གང་སྐར་ལྔ་དང་། ཞོ་གང་། སྐར་ལྔ་ཅན་གྱི”ཆན་ལུང་ཐུང་པའུ”བཟོས། དེ་དག་གི་རིན་ཚད་ལྟར་ལྕི་ཚད་དང་ཆེ་ཆུང་ཅུང་མི་འདྲ་བ་ལས། བཟོ་དབྱིབས་ཕལ་ཆེར་འདྲ་སྟེ། དངུལ་ལོ་དེའི་མདུན་ངོས་དཀྱིལ་གྱི་དྲ་མིག་ཏུ་བོད་ཡིག་གི་ཨང་ཀི༥༧ཞེས་བྲིས་ཡོད་པ་དང་། དེས་ཆན་ལུང་གི་ཁྲི་ལོ་ང་བདུན་པ་མཚོན་ལ།དྲ་མིག་ཕྱི་རུ”ཆན་ལུང་ཐུང་པའུ”ཞེས་བྲིས་ཡོད། མཐའ་རྒྱན་ལ་སྒོར་ཐིག་བཀར་བར་བྱས་ཡོད། རྒྱབ་ངོས་དཀྱིལ་གྱི་སྒོར་ཐིག་གམ་དྲ་མིག་ཏུ”པའུ་གཙང”ཞེས་བྲིས་ཡོད་པ་དང་། དྲ་མིག་ཕྱི་རུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀོད་འདུག

        དེ་མཚུངས་སུ་སྐབས་དེར”ཆན་ལུང་པའུ་གཙང་ལྔ་བཅུ་ལྔ་བརྒྱད”ཅེས་པའི་ཞོ་གང་ཅན་དང་། ཞོ་གང་སྐར་ལྔ་ཅན། སྐར་ལྔ་ཅན་བཅས་ཀྱི་དངུལ་ལོ་བཟོས་ཏེ་བཀྲམས་ཡོད་པ་རེད།

        1794ལོར། “ཆན་ལུང་པའུ་གཙང་ལྔ་བཅུ་ང་དགུ”ཞེས་པའི་རིན་ཚད་ཞོ་གང་ཅན་གྱི་དངུལ་ལོ་བཟོས་པ་དང་། སྤྱི་ལོ1795ལོར། “ཆན་ལུང་པའུ་གཙང་དྲུག་ཅུ་ཐམ་པ”ཞེས་པའི་རིན་ཚད་ཞོ་གང་ཅན་གྱི་དངུལ་ལོ་བཟོས།

        དེའི་རྗེས་སུ་གོང་མ་བཅའ་ཆིན་ཁྲིར་བཞུགས་ཏེ།”བཅའ་ཆིན་དང་པོ”དང་། “བཅའ་ཆིན་གཉིས་པ། བཅའ་ཆིན་གསུམ་པ། བཅའ་ཆིན་དྲུག་པ། བཅའ་ཆིན་བརྒྱད་པ། བཅའ་ཆིན་དགུ་བ། བཅའ་ཆིན་ཉེར་བཞི། བཅའ་ཆིན་ཉེར་ལྔ”བཅས་རིན་ཚད་ཞོ་གང་ཅན་དང་། རིན་ཚད་སྐར་ལྔ་ཅན་གྱི་དངུལ་ལོ་བཟོས།

        སྤྱི་ལོ1821ལོར། གོང་མ་རྡའོ་ཀོང་ཁྲིར་བཞུགས་པས”རྡའོ་ཀོང་ཁྲི་ལོ་དང་པོ་དང་། ཁྲི་ལོ་གཉིས་པ། ཁྲི་ལོ་གསུམ་པ། ཁྲི་ལོ་བཞི་བ། ཁྲི་ལོ་བཅོ་ལྔ་བ། ཁྲི་ལོ་བཅུ་དྲུག་པ”སོགས་ཀྱི་རིན་ཚད་ཞོ་གང་ཅན་དང་། སྐར་ལྔ་ཅན་གྱི་དངུལ་ལོ་བཟོས།

        “རྡའོ་ཀོང་པའུ་གཙང་ཁྲི་ལོ་དང་པོའི”ཞེས་པའི་དངུལ་ལོར་མཚོན་ན། སྤྱི་ལོ1821ལོར་བཟོས་པ་དང་། མདུན་ངོས་སུ་རྒྱ་ཡིག་གི”སྙུཋོཐོཕྲུ”ཞེས་བྲིས་ཡོད་ལ། དེའི་སྒོར་ཐིག་ཕྱི་རུ་རྒྱ་ཡིག་གིས་ལོ་དང་པོ་དང་། གོང་དུ་སྐར་ཐིག12དང་། གཤམ་དུ་སྐར་ཐིག13གྱི་རྒྱན་རིས་བཀོད་ཡོད། མདུན་ངོས་སུའང”རྡའོ་ཀོང་པའུ་གཙང”ཞེས་པ་དང་། “ལོ་དང་པོ”ཞེས་བོད་ཡིག་གིས་བྲིས་ཡོད་པ་ལས་སྐར་ཐིག་དང་རྒྱན་རིས་སོགས་ཕལ་ཆེར་འདྲ།

        སྤྱི་ལོ1840ལོར། བོད་ལྗོངས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་གསར་བཟོ་མཛད་པའི་སོག་ཡིག་བྲིས་པའི་དངུལ་ལོ་ཞིག་བྱུང་། དངུལ་ལོ་དེའི་མདུན་ངོས་དང་རྒྱབ་ངོས་གཉིས་འདྲ་ལ། དཀྱིལ་དུ་སོག་ཡིག་ཡི་གེ་དྲུག་བྲིས་འདུག སྒོར་དབྱིབས་ཕྱི་ཡི་རྒྱན་རིས་བཅའ་ཆིན་ལོ་གཉིས་པ་ནས་དྲུག་པའི་བར་གྱི་པའུ་གཙང་གི་རི་མོ་དང་མཚུངས། དངུལ་ལོ་དེ་ནི་སྐབས་དེར་མི་དྲག་དཔོན་པོའམ་ཚོང་བ་ཕྱུག་པོ་ཡིས་བཟོས་པ་ཡིན་པས། དངུལ་ལོ་བཟོ་སའི་ལས་ཁུངས་ཀྱིས་བཟོས་པའི་ལོ་རྒྱུས་ཟིན་ཐོ་གང་དུའང་མཐོང་རྒྱུ་མེད།

        སྤྱི་ལོ1850ལོར། བོད་ལྗོངས་སུ་དངུལ་ལོ་བཟོ་སའི་ལས་ཁུངས་གྱིས”དགའ་ལྡན་ཕོ་བྲང”གི་དངུལ་ལོ་ཡང་བསྐྱར་བཟོས། “དགའ་ལྡན་ཕོ་བྲང”གི་དངུལ་ལོ་དེ་ནི་བོད་ཀྱི་དངུལ་ལོའི་ལོ་རྒྱུས་སྟེང་ཁྱབ་རྒྱུགས་ཀྱི་ལོ་རྒྱུས་ཧ་ཅང་རིས་བའི་དངུལ་ལོ་ཞིག་སྟེ། ལོ་ངོ་བརྒྱད་ཅུའི་རིང་ལ་གསར་བཟོ་འགྲེམ་སྤེལ་དང་། ལོ་ངོ་བརྒྱ་ལྷག་གི་རིང་ལ་བོད་ཁུལ་གྱི་ཚོང་རའི་ནང་འཁོར་རྒྱུགས་བྱས། མང་ཚོགས་དང་ཚོང་བ་དག་གིས་ཀྱང་དངུལ་ལོ་འདིར་ཧ་ཅང་དགའ་བོ་བྱེད། དངུལ་ལོ་འདིའི་བཟོ་དབྱིབས་ཀྱི་པར་གཞི་རྣམ་པ་མི་འདྲ་བ་བཅོ་ལྔ་ཙམ་བྱུང་ཡོད་ལ། འཁོར་རྒྱུགས་ལེགས་པོ་ཡོད་པའི་རྐྱེན་གྱིས་མ་རུང་བ་སྐོར་ཞིག་གིས་སྐབས་གླགས་དེར་བསྟུན་ནས་རྫུན་མ་བཟོས་པའི་སྣང་ཚུལ་ཡང་བྱུང་མྱོང་།

        དངུལ་ལོ་དེའི་མདུན་ངོས་སུ”དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་པའི་བོད་ཡིག་ཡོད་པ་དང་། རྒྱབ་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཡོད།

        སྤྱི་ལོ1863ལོར། གོང་མ་ཐུང་བྲེ་ཁྲིར་བཞུགས་ཏེ། “ཐུང་བྲེ་པའུ་གཙང་ཁྲི་ལོ་གཉིས་པ”ཞེས་པའི་དངུལ་ལོ་བཟོས་ནས་འགྲེམ་སྤེལ་བྱས།

        དངུལ་ལོ་དེའི་ལྕི་ཚད་ལ་ཁེ3.95དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི28.54ཡོད་ལ། མཐུག་ཚད་ལ་ཧོ་སྨི1.12ཡོད།

        སྤྱི་ལོ1878ལོར་གོང་མ་ཀོང་ཤུས་ཁྲིར་བཞུགས་ཏེ། “གོང་ཤུས་པའུ་གཙང•ལོ་བཞི་པ”ཞེས་པའི་དངུལ་ལོ་བཟོས་ནས་འགྲེམ་སྤེལ་བྱས།

        དངུལ་ལོ་དེའི་ལྕི་ཚད་ལ་ཁེ3.27དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི28.80དང་། མཐུག་ཚད་ལ་ཧོ་སྨི1.00ཡོད།

        སྤྱི་ལོ1894ལོར། གཙང་ཁུལ་དུ”བཅོ་ལྔ་ཉེར་བརྒྱད”ཅེས་པ་དང་། “བཅོ་ལྔ་སུམ་ཅུ””བཅོ་ལྔ་བཞི་བཅུ”ཞེས་པའི་དངུལ་ལོ་རིགས་གསུམ་བཟོས། དེ་ནི་གཙོ་བོ་གཙང་ཁུལ་དུ་འཁོར་རྒྱུགས་བྱས་ལ། རྒྱན་རིས་དང་ཡི་གེའི་ཐད་ནས་ཀྱང་འགྱུར་ལྡོག་ཅུང་བྱུང་ཡོད། རིན་ཚད་ཞོ་གང་དང་སྐར་ལྔ་ཡིན།

        དངུལ་ལོ་དེའི་རིགས་ཀྱི་ལྕི་ཚད་དང་ཆེ་ཆུང་མི་འདྲ་ཡང་། བར་ཁྱད་ཆེན་པོ་མེད་པར་ལྕི་ཚད་ལ་ཁེ5ཙམ་དང་། ཚངས་ཐིག་གི་རིང་ཚདི་ལ་ཧོ་སྨི27.60ཙམ། མཐུག་ཚད་ལ་ཧོ་སྨི1.35ཙམ་ཡོད།

        སྤྱི་ལོ1909ལོར། བོད་ས་གནས་སྲིད་གཞུང་གིས་དངུལ་གྱི་ལྕི་ཚད་དང་རིན་ཚད་ཡང་དག་པར་གཏན་ལ་ཕབ་ནས་བཟོས་པའི་དངུལ་ལོ་ཞིག་སྟེ། མིང་ལ”སྐལ་བཟང་ཊམ་ཀ”ཞེས་བྱ་བ་ཞིག་བཟོས།

        སྤྱི་ལོ1909ལོར། གོང་མ་ཤོན་ཐུང་ཁྲེར་བཞུགས་ཏེ།”ཤོན་ཐུང་ཁྲི་ལོ་དང་པོ”ཞེས་པའི་སྲང་གང་ཅན་དང་། ཞོ་ལྔ་ཅན། ཞོ་དོ་ལེ་ལྔ་ཅན། ཟངས་སྒོར་སྐར་གཅིག་ཅན་དང་། ཟངས་སྒོར་ལེ་ལྔ་ཅན། ཞོ་གང་ལེ་དོ་ཅན་བཅས་བཟོས་ཏེ་འགྲེམ་སྤེལ་བྱས། སྐབས་དེར་བོད་ཀྱིས་རྒྱ་གར་དུ་མིའི་རྩོལ་ཤུགས་ལ་བརྟེན་ནས་སྒུལ་བའི་དངུལ་བཟོ་འཕྲུལ་ཆས་དང་། དབྱིན་ཇིའི་ཆུ་དང་མིའི་རྩོལ་བ་ཟུང་ལ་བརྟེན་ནས་སྒུལ་བའི་འཕྲུལ་ཆས་གཉིས་ནང་འདྲེན་བྱས་ཏེ་དངུལ་ལོ་བཟོ་མགོ་བརྩམས།

        དེ་ནས་སྤྱི་ལོ1909ལོ་ནས1947ལོའི་བར་དུ་རིམ་བཞིན་སྐལ་བཟང་ཊམ་ཀ་ཞོ་གང་སྐར་ལྔ་ཅན་དང་། ཞོ་གང་། སྐར་ཆུང་སྐར་ལྔ། སྲང་གསུམ། སྲང་གང་ཞོ་ལྔ། ཊམ་ཀ་གསར་བ་སྲང་ལྔ། ཞོ་གསུམ། ཞོ་ལྔ་ཅན་སོགས་ཀྱི་དངུལ་ལོ་བཟོས་ཏེ་བོད་ཁུལ་གྱི་ཚོང་རའི་ནང་འཁོར་རྒྱུགས་བྱས།

        སྤྱི་ལོ1948ལོར་བཀའ་ཤག་སྲིད་གཞུང་འཐད་པ་བརྒྱུད་ནས་བཅུ་སྒོར་གསར་བ་སྟེ། སྲང་བཅུ་ཅན་གྱི་དངུལ་ལོ་ཞིག་བཟོས་ནས་འགྲེམ་སྤེལ་བྱས། དངུལ་ལོ་དེའི་མདུན་ངོས་སུ་པདྨའི་འདབ་མ་བརྒྱད་ཀྱི་ལོ་འདབ་རེ་རེའི་སྟེང”དགའ་ལྡན་ཕོ་བྲང་ཕྱོགས་ལ་རྣམ་རྒྱལ”ཞེས་ཡིག་འབྲུ་བརྒྱད་ཡོད་པ་དང་། འདབ་མ་བརྒྱད་ཀྱི་དཀྱིལ་དུ་རིན་པོ་ཆེ་སྤུངས་པའི་རི་མོ་ཞིག་དང་། འགྲམ་གཉིས་སུ་ནེའུ་ལེ་ཟུང་གི་རི་མོ་མཆིས།

        སྤྱི་ལོ1951ལོར། བོད་ས་གནས་སྲིད་གཞུང་གིས་དངུལ་སྲང་རྔ་བཅུའི་དངུལ་ལོ་ཞིག་བཟོས་ཏེ་འགྲེམ་སྤེལ་བྱས། དངུལ་ལོ་དེའི་མདུན་ངོས་སུ་ཕོ་བྲང་པོ་ཏ་ལའི་རི་མོ་ཞིག་དང”དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་པའི་ཡིག་འབྲུ། རྒྱབ་ངོས་སུ་ཆོས་འཁོར་གྱི་རི་མོ་ཞིག་མཆིས།

        སྤྱི་ལོ1953ལོར། དངུལ་སྲང་ལྔ་ཅན་གྱི་དངུལ་ལོ་བཟོས་ཏེ་འགྲེམ་སྤེལ་བྱས། མདུན་ངོས་སུ་སེང་གེ་དང་། རྒྱབ་ངོས་སུ་ཆོས་འཁོར་གྱི་རི་མོ་མཆིས།

        སྤྱི་ལོ1954ལོར། སྲང་ལྔ་ཅན་གྱི་དངུལ་ལོ་གསར་བ་དེ་བཟོས་ནས་འགྲེམ་སྤེལ་བྱས། དངུལ་ལོ་དེ་ནི་ཕལ་ཆེར་ཆེས་མཐའ་མའི་དངུལ་ལོ་རུ་གྱུར།

        དངུལ་ལོ་དེའི་ལྕི་ཚད་ལ་ཁེ4.96དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི2650ཡོད་ལ། མཐུག་ཚད་ལ་ཧོ་སྨིl.24ཡོད།

        དེ་ནས་བཟུང་དངུལ་བཞུ་སྦྱངས་བྱེད་པའང་ལས་ཚེགས་ཆེ་ལ། དངུལ་གྱི་སྤྱོད་སྒོ་དང་དངུལ་གྱི་རིན་ཐང་ཡང་སྔར་ལས་ཇེ་ཆེར་ཕྱིན་ཏེ་རྒྱན་ཆའི་རིགས་སུ་བཀོལ་བའི་རྒྱུ་ཆར་གྱུར་ནས། དངུལ་གྱི་རྣ་ལུང་དང་། འཛུབ་དཀྲིས། ལག་གདུབ། མགོ་རྒྱན། འདོགས་ཆས་རིགས་སྣ་ཚོགས་བཟོས་པ་དང་བསྟུན། འཚོ་བའི་ཡོ་བྱད་བཟོ་བའི་རྒྱུའང་བྱས་ནས་དངུལ་གྱི་དཀར་ཡོལ་དང་། ཐུར་མ། ཁེམ་བུ་བཅས་བཟོས། དེ་མཚུངས་སུ་ཆོས་ལུགས་ཀྱི་ཉེར་སྤྱད་ཡོ་བྱད་དུའང་མང་དུ་བཀོལ་བར་མཐོང་སྟེ། དངུལ་གྱི་ཐེབ་ཙེ་དང་། དངུལ་གྱི་མཆོད་རྐོང་། དངུལ་གྱི་བུམ་པ། དངུལ་གྱི་མཆོད་རྟེན། དངུལ་གྱི་ཏོག་དང་རྒྱ་ཕིབས། དངུལ་གྱི་སྒོ་རྒྱན་སོགས་སྤྱོད་སྒོ་ཇེ་ཆེར་ཕྱིན་པས། དངུལ་གྱི་རྒྱུ་ཆ་ཇེ་དཀའ་རུ་གྱུར་ཏེ་ཟངས་སྒོར་བླུག་མགོ་བརྩམས།

        ལྔ་བ། བོད་ཀྱི་གསེར་ཟངས་ཀྱི་སྒོར་བྱུང་ཚུལ།

        སྤྱི་ལོ1918ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་མདུན་པ་ཚ་རོང་ལ་དངུལ་ལོ་བཟོ་བའི་དབང་ཆ་ཐོབ་རྗེས། ཁོང་གིས་ནོར་བུ་གླིང་གའི་ནུབ་ཏུ་དངུལ་ལོའི་བཟོ་གྲྭ་ཞིག་གསར་འཛུགས་གནང་སྟེ། སྲང་ཉི་ཤུ་ཅན་གྱི་གསེར་ཊམ་བཟོས་ནས་འགྲེམ་སྤེལ་བས། གསེར་ཊམ་དེའི་ལྕི་ཚད་ལ་ཁེ་11.40ཡོད་པ་དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི27.15ཡོདལ། མཐུག་ཚད་ལ་ཧོ་སྨི1.40ཡོད།

        གསེར་ཊམ་དེའི་རྒྱབ་ངོས་དཀྱིལ་གྱི་སྒོར་དབྱིབས་སུ་མེ་ཏོག་གི་རྒྱན་རིས་ཡོད་པ་དང་། མཐའ་རུ”དག་འ་ལྡན་ཕོ་བྲང་ཕྱོགསབ་ལས་རྣམ་རྒྱལ”ཞེས་པའི་རྗེས་སུ་ཊམ་སྲང20ཞེས་བཀོད་ཡོད། མདུན་ངོས་སུ་རབ་བྱུང15བའི་ལོ51ཅེས་བཀོད་འདུག

        སྤྱི་ལོ1913ལོར། བོད་ལྗོངས་ས་གནས་སྲིད་གཞུང་གིས་ཞོ་གང་ཅན་གྱི་ཟངས་སྒོར་བཟོས་ཏེ་བཀྲམ། ཟངས་སྒོར་འདིའི་ལྕི་ཚད་ལ་ཁེ4.16དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི24.00ཡོད་ལ། མཐུག་ཚད་ལ་ཧོ་སྨི1.36ཡོད།

        སྤྱི་ལོ1918ལོར་ཞོ་གང་ཅན་གྱི་ཟངས་སྒོར་བཟོས་ཏེ་བཀྲམ། ཟངས་སྒོར་དེའི་ལྕི་ཚད་ལ་ཁེ4.40དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི25.60ཡོད། མཐུག་ཚད་ལ་ཧོ་སྨི1.20ཡོད།

        སྤྱི་ལོ1920ལོར་བཟོས་པའི་ཞོ་གང་ཅན་གྱི་ཟངས་སྒོ་སྟེ། ཟངས་སྔས་སྒོར་འདིའི་ལྕི་ཚང་ལ་ཁེ5.36དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི23.98ཡོད་ལ། མཐུག་ཚད་ལ་ཧོ་སྨི1.62ཡོད།

        སྤྱི་ལོ1922ལོར། ཞོ་གང་ཅན་གྱི་ཟངས་སྒོར་བཟོས་ཏེ་འགྲེམ་སྤེལ་ཀྱི་བྱེད་མགོ་བརྩམས། དེའི་ལྕི་ཚད་ལ་ཁེ3.44དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི23.50ཡོད་ལ། མཐུག་ཚད་ལ་ཧོ་སྨི1.22ཡོད།

        སྤྱི་ལོ1918ལོར། བོད་ས་གནས་སྲིད་གཞུང་གིས་སྐར་བདུན་ལེ་ལྔ་ཅན་གྱི་ཟངས་སྒོར་བཟོས་ཏེ་འགྲེམ་སྤེལ་བྱས། ཟངས་སྒོར་དེའི་བཟོ་དབྱིབས་ནི་ཟུར་བརྒྱད་ཅན་གྱི་རྣམ་པ་ཞིག་ཡིན་ཞིང་། ལྕི་ཚད་ལ་ཁེ3.48དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི23.40ཡོད་ལ། མཐུག་ཚད་ལ་ཧོ་སྨི1.18ཡོད།

        སྤྱིའི1918ལོར། བོད་ས་གནས་སྲིད་གཞུང་གིས་སྐར་ལྔ་ཅན་གྱི་ཟངས་སྒོར་བཟོས་ཏེ་འགྲེམ་སྤེལ་བྱས།

        ཟངས་སྒོར་དེའི་ལྕི་ཚད་ལ་ཁེ2.96དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི20.10ཡོད་ལ། མཐུག་ཚད་ལ་ཧོ་སྨི1.60ཡོད།

        སྤྱི་ལོ1918ལོ་ནས121ལོའི་བར་གྲུ་ཟུར་བཞི་ཅན་གྱི་སྐར་དོ་དང་ལེ་ལྔ་ཡི་ཟངས་སྒོར་བཟོས་ཏེ་འགྲེམ་སྤེལ་བྱས། ལྕི་ཚད་ལ་ཁེ1.62དང་། ཚངས་ཐིག་གི་རིང་ཚད་ལ་ཧོ་སྨི18.80ཡོད་ལ། མཐུག་ཚད་ལ་ཧོ་སྨི0.80ཡོད།

        དེ་མཚུངས1909ལོར་བཟོས་པའི་ཁ་གང་ཅན་གྱི་སྐར་དོ་ལེ་ལྔའི་ཟངས་སྒོར་དང་། སྐར་གང་ཕྱེད་གསུམ་དང་ཞོ་བརྒྱད་ཆ་གཅིག་ཅན་གྱི་ཟངས་སྒོར། ཤོན་ཐོང་པའུ་གཙང་སྐར་གང་དང་། ལེ་ལྔ་སོགས་ཟངས་སྒོར་བྱུང་བར་མ་ཟད། སྤྱི་ལོ1793ལོར་ཆན་ལུང་པའུ་གཙང་ཞེས་པའི་གསེར་ཊམ་ཞིག་ཀྱང་བཟོས་ཏེ་འགྲེམ་སྤེལ་བྱས། དེའི་རིན་ཚད་ཅི་འདྲ་ཡིན་པ་ལོ་རྒྱུས་ཀྱི་གསལ་ཁ་མ་རྙེད་པས་དཔྱད་དུ་འཚལ།

        དེ་ལྟར་གསེར་སྒོར་དང་། དངུལ་སྒོར། ཟངས་སྒོར་སོགས་རིན་ཚད་མི་འདྲ་བའི་དངུལ་ལོ་མང་པོ་ཞིག་དུས་ཡུན་རིང་བོར་བོད་ཁུལ་དུ་བེད་སྤྱོད་བྱས། འོན་ཀྱང་དངུལ་ལོ་དེ་དག་རིན་ཐང་དང་རྒྱུ་ཆའི་ཆ་ནས་རྩ་ཆེན་དུ་འདུག་ཀྱང་། སྐྱེལ་འདྲེན་དང་དོ་དམ་གྱི་ཆ་ནས་ཧ་ཅང་སྟབས་མི་བདེ་བས། སྐབས་དེར་རྒྱལ་ཁབ་གཞན་དང་ས་ཁུལ་གཞན་དག་གིས་ཤོག་དངུལ་བཟོས་ཏེ་བེད་སྤྱོད་བྱས་ནས་སྔར་ལས་ཧ་ཅང་སྟབས་ཇེ་བདེ་རུ་ཕྱིན་ཡོད་པས། དུས་དེ་ནས་བཟུང་བོད་ཀྱིས་ཀྱང་ཤོག་དངུལ་གྱི་བཟོ་མགོ་བརྩམས།

        དྲུག་པ། བོད་ཀྱི་ཤོག་དངུལ་བྱུང་ཚུལ།

        སྤྱི་ལོ1912ལོར། བོད་ལྗོངས་ས་གནས་སྲིད་གཞུང་གིས་ཤོག་བུའི་དངུལ་ལོའི་དཔར་མགོ་བརྩམས། སྐབས་དེར་རྒྱལ་ཁབ་གཞན་དང་ས་ཁུལ་གཞན་མང་པོ་ཞིག་གིས་ཤོག་དངུལ་དཔར་ནས་ཚོང་རར་བཀྲམ་སྟེ་བེད་སྤྱོད་བྱེད་བཞིན་མཆིས་པས། བོད་ས་གནས་སྲིད་གཞུང་ཤེས་ཀྱང་དངུལ་དང་གསེར་ཟངས་ཀྱི་རྒྱུ་ཆ་ཅུང་དཀོན་ལ། བེད་སྤྱོད་དང་ཁུར་འཁྱེར་སོགས་ཤོག་དངུལ་ལས་སྟབས་བདེ་མེད་པར་མཐོང་སྟེ། ཤོག་དངུལ་ཊམ་ལྔ་དང་། ཊམ་བཅུ་ཐམ་པ། ཊམ་ཉི་ཤུ་རྩ་ལྔ། ཊམ་ལྔ་བཅུ་ཐམ་པ་བཅས་དཔར་འགྲེམ་བེད་སྤྱོད་བྱས། སྐབས་དེའི་ལག་རྩལ་ཆུ་ཚད་དམའ་བ་དང་རྒྱུ་ཆའི་སྤུས་ཚད་ཞན་པ་བཅས་ཀྱི་དབང་གིས་སྤྱི་ལོ1912ནས1913ལོའི་བར་དཔར་འགྲེམ་བྱས་པའི་ཤོག་ཊམ་ནི་ཁ་དོག་གཅིག་ཅན་ཡིན། པར་གཞི་ཡང་གནའ་བོའི་ལུགས་ལྟར་ཤིང་པར་ཡིན། སྤྱི་ལོ1926-1950ལོའི་བར་ཚོན་ཁྲ་ཅན་གྱི་ཊམ་ལྔ་བཅུ་ཐམ་པ(1926ལོ) དང་། དངུལ་སྲང་བརྒྱ་ཐམ་པ། (1937ལོ)དངུལ་སྲང་བཅུ། (194lལོ)དངུལ་སྲང་ལྔ། (1942ལོ)དངུལ་སྲང་ཉི་ཤུ་རྩ་ལྔ(l950ལོ)སོགས་དཔར་འགྲེམ་བྱས་པ་ཡིན་མོད། འོན་ཀྱང་ཤོག་བུའི་སྤུས་ཚད་དང་། པར་རིས་བཀོད་སྒྲིག མཛེས་རྩལ་ཆུ་ཚད་སོགས་ཅུང་ཞན་པས་ཚོང་ར་རུ་ཤོག་དངུལ་རྫུན་མ་ཐོན་པའི་སྣང་ཚུལ་ཡང་ཐེངས་འགར་བྱུང་།

        རྗེས་སུ་ལག་རྩལ་གོང་འཕེལ་བྱུང་སྟེ། མདོག་གཅིག་ཅན་ནས་ཁ་དོག་གཉིས་དང་གསུམ་ལྡན་པར་བྱས་ཤིང་། རི་མོའི་མཛེས་རིས་ཀྱང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། བྱ་ཁྱུང་དང་། འབྲུག སེང་གེ གླང་པོ་ཆེ་སོགས་སྟོབས་དང་དཔའ་རྩལ་མཚོན་པར་བྱེད་པའི་སྲོག་ཆགས་ཀྱི་གཟུགས་རིས་བཀོད་ཡོད་ལ། རི་མོ་དག་གི་ཚགས་ཇེ་ཞིབ་དང་། གཟུགས་རིས་ཇེ་ལེགས་སུ་བཏང་སྟེ་ཤོག་དངུལ་རིགས་མི་འདྲ་བ་བཅུ་ཕྲག་ལྷག་ཅིག་དཔར་འགྲེམས་བྱས་ཡོད་པས། དངོས་གནས་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན། ཡིན་ནའང་ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་བོད་ཀྱི་དངུལ་ལོར་ཞིབ་འཇུག་དང་། ངོ་སྤྲོད་བྱེད་པའི་རྩོམ་ཡིག་ཅིག་ད་སྔ་མ་མཐོང་ལ། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་རང་གི་སྡེའི་དངུལ་ལོར་ཞིབ་འཇུག་གི་དཔེ་དེབ་སྣ་ཚོགས་དང་ཆེད་རྩོམ་ཅི་རིགས་ཡོད་པར་མ་ཟད། ད་དུང་འཛམ་གླིང་གི་དངུལ་ལོའི་སྐོར་ལ་ཞིབ་འཇུག་དང་གསལ་བཤད་ངོ་སྤྲོད་ཀྱང་སྔ་མོ་ནས་བགྱིས་ཡོད།

        འདིར་བདག་གིས་དེའི་སྐོར་གྱི་སྟོང་ཆ་གསབ་བའམ་ཡང་ན་བོད་ཀྱི་དངུལ་ལོའི་ལོ་རྒྱུས་སྐོར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་ཙམ་བགྱིས་པ་ལགས་ཀྱང་། འདིར་དཔྱད་གཞིའི་ཡིག་ཆ་དཀོན་པ་དང་། ལོ་རྒྱུས་རྒྱུ་ཆ་ལག་ཏུ་སོན་དཀའ་བ་སོགས་ཀྱིས་ཞིབ་ཏུ་སྨྲ་བར་རྔོ་མི་ཐོགས་པས། ཤེས་ལྡན་རྣམ་དཔྱོད་ཡངས་པ་དག་གིས་འདིའི་སྐོར་གྱི་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*