དབང་མེད་ལས་རླུང་བར་གྱི་མི་ཚེ།

                                               འཇོ་མདའ་པདྨ། ཆབ་མདོ།

ལས་ཐོད་པའི་རི་མོ་རིམ་གྱིས་ཡལ།།
རྐྱེན་སྣ་མ་སྣ་ཚོགས་གདོང་དུ་བབས།།
ནང་སེམས་ཀྱི་གཤོག་པ་རླུང་གིས་སྤུར།།
ཚེ་ལྷག་མའི་གཞུང་ལ་མུན་པ་ཚེས།།
མགོན་ཐུབ་པའི་གསུང་རབ་རིན་པོ་ཆེ།།
རྗེ་རྒྱལ་བའི་གླེགས་བམ་མུ་ཏིག་དཀར།།
མིག་ཁྲ་ཆུང་ཟུང་གིས་མཇལ་སྐལ་དབེན།།

ལུས་ལང་ཚོའི་མེ་ཏོག་མཛེས་སྡུག་རྙིད།།
ལོ་ན་ཚོད་གཞོན་པའི་དུས་ལས་ཡོལ།།
དཔྲལ་སྨིན་མའི་ཟུར་དུ་གཉེར་རིས་ལྷུང་།།
བློ་རྣམ་དཔྱོད་རྩལ་གྱི་ཞལ་ཁ་རུབ།།
ཤེས་ཡོན་ཏན་སློབ་པའི་སྐྱེད་ཚལ་དུ།།
གནས་བཅུ་ཕྲག་རིག་པའི་གླིང་ག་རུ།།
རྐང་རྡོག་པའི་སྣེ་མོ་འཇོག་མཚམས་ཆད།།

དུས་མི་རྟག་འགྱུར་བག་སྐྱེན་པའི་ཤུལ།།
གནས་སློབ་གླིང་ཁོར་ཡུག་བསྐྱུར་བའི་རྗེས།།
སྔར་སེམས་ཡོད་རེ་འདུན་མ་ལུས་རྒུད།།
ཚེ་མ་འོངས་འཆར་གཞི་མཐའ་དག་ཉམས།།
ལས་ཅི་ཡང་སྒྲུབ་པའི་ཡི་ག་འགགས།།
དོན་གང་ཡང་བྱེད་པའི་བློ་གཤོག་བོར།།
ཉམ་ཆུང་བའི་ཚུལ་གྱིས་གྲོང་མཐར་ལུས།།

གཏམ་བབ་ཅོལ་རེ་རེའི་ཀློང་ཡངས་ནས།།
དོན་ཙག་ཙིག་རེ་རེའི་ཁུག་དཀྱོག་ནས།།
ཕྱི་རྡུལ་རླུང་འདྲེས་པའི་བཞི་མདོ་ནས།།
ནང་ཆཊ་སྡང་གཉིས་ཀྱི་བར་མཚམས་ནས།།
ཚེ་ཉི་མའི་འོད་མདངས་ཉམས་ཤིང་རྒུད།།
ལུས་རིན་ཆེན་ནོར་བུ་རྒས་ཤིང་འཁོགས།།
ཞོགས་སྐྱ་རེངས་མང་པོ་ངང་གིས་ཤོར།།
དགོང་ས་སྲོད་དུ་མ་དོན་མེད་རྫོགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*