དཔལ་ས་སྐྱའི་མཐོ་སློབ་ཏུ་ས་མཆོད་སྲུང་བརྩི་གནང་བ།

༧རྒྱལ་བ་ལྷ་ལས་བབས་པའི་ཟླ་བ་འདིའི་བོད་ཚེས་བཅུ་བཞི་སྟེ། དེ་རིང་༧དཔལ་ལྡན་ས་སྐྱ་པའི་ཤིང་རྟ་སྲོལ་འབྱེད་ཆེན་པོ་འཁོན་དཀོན་མཆོག་རྒྱལ་པོ་དང་། བླ་མ་༧ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སོགས་ས་སྐྱའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་རྣམ་ལྔའི་དགོངས་རྫོགས་ཀྱི་ཉིན། འདི་ག་དཔལ་ས་སྐྱ་མཐོ་སློབ་ནས་རྒྱལ་བ་མཉེས་པའི་ཚོགས་ཀྱི་མཆོད་འབུལ་དང་།

མཐོ་སློབ་ཀྱི་ཤེས་རིག་ལྷན་ཚོགས་ནས་ལོ་འདིའི་ནང་ཁུལ་གཞུང་ཆེན་བགྲོ་གླེང་ཆེན་མོ་སྐབས་དང་པོ་བཅས་འཚོགས་པའི་སྒོ་ནས་ས་མཆོད་ཆེན་མོ་སྲུང་བརྩི་ཞུ། དེ་ཡང་། ལོ་ལྟར་ནང་ཁུལ་བགྲོ་གླེང་ཐེངས་གཉིས་རེ་ཚོགས་སྲོལ་ཡོད་པ་བཞིན། འདི་ལོ་ཡང་། སྐྱབས་རྗེ་མཁན་རིན་པོ་ཆེ་མཁྱེན་རབ་བཟང་པོ་མཆོག་དང་། མཁན་སྤྲུལ་དང་མཁན་པོ། དམིགས་བསལ་སྐུ་མགྲོན་ས་ཆེན་སློབ་གྲྭའི་དབུ་འཛིན་མཁན་པོ་འཇམ་དབྱངས་བཟོད་པ་རྣམས་ཀྱི་དབུ་བཞུགས་ཐོག ཐོག་མར་དགེ་བ་ལྷ་ཁང་དུ་ས་ཆེན་བླ་མཆོད་འཚོགས། བར་དུ་དགེ་བ་སྒོ་རུམ་དཔེ་མཛོད་ཁང་དུ་ཚད་མ་འཛིན་གྲྭ་ཡན་ཆད་ནས་གསུང་བཤད་པ་རེ་རེ་དང་།

འདུལ་བ་འཛིན་གྲྭའི་སློབ་གཉེར་བ་རྣམས་ནས་གཙོ་སྐྱོང་བ་དང་། དགེ་རྒན་དང་སྐྱོར་དཔོན་རྣམས་ནས་གླེང་སློང་བའི་འགན་བཞེས། སློབ་གཉེར་བ་གཞན་རྣམས་ནས་དྲི་བ་དྲི་ལན་ཚ་ཚ་འུར་འུར་གནང་ཞིང་། མཛད་རིམ་གྱི་ལས་ཚན་གསུམ་པ་གསུང་བཤད་པ་རྣམས་ལ་གསོལ་རས་དང་། ཕྱག་འཁྱེར་འབུལ་བ་དང་སྦྲགས། ཤེས་རིག་ལྷན་ཚོགས་ཀྱི་ཚོགས་གཞོན་རྒན་འཇམ་དབྱངས་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། མཐའ་མར་དགེ་བ་དགེ་འདུན་པ་བྱིངས་ནས་བསྟན་འབར་མ་འདོན་རྟ་དབྱངས་དང་བཅས་ས་མཆོད་ཆེན་མོ་དང་འབྲེལ་ནང་ཁུལ་གཞུང་ཆེན་བགྲོ་གླེང་ཆེན་མོ་བཀྲ་ཤིས་པའི་ངང་མཇུག་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*