ཕ་ཡུལ་གྱི་སྟོན་ཁ།

དབྱངས་ལྡེའུ། བྲག་གཡབ།
ལྗང་མདོག་གཡུ་ཡི་མདངས་འཛིན་རི་ལུང་ཀུན། །
དུས་ཀྱི་རླུང་བུས་རྒྱང་དུ་གནས་སྤྱུགས་ཏེ། །
གྲང་ལྷགས་གྲིབ་མ་འབྱར་བའི་ནམ་ཟླ་སྟོན། །
གན་གྱི་ཕ་ཡུལ་པང་དུ་དལ་གྱིས་བསླེབས། །

ནམ་ཟླ་དབྱར་གསུམ་ཆར་ཆུས་བསྐྱངས་བ་ཡི། །
ལང་ཚོ་དར་ལ་འབབ་པའི་མེ་ཏོག་ཁྱུ། །
སད་སེར་དགྲ་བོའི་འབུམ་གྱི་མཐར་སྐོར་ནས། །
ཡིད་འོང་བུང་བ་ཞིག་ལ་གྱེས་ཕྱག་འབུལ། །

ཞིང་ཐང་ནས་དཀར་སྙེ་མའི་ཁྲེལ་གཞུང་ཚུལ། །
མགོ་བོ་ཐུར་དུ་བསྒུར་བས་སོ་ནམ་པའི། །
རྔུལ་ཆུས་གདོང་པ་དཀྲིས་པའི་སྟོན་ཁའི་ཟླར། །
དགའ་སྐྱིད་འཚོ་བའི་མེ་ཁ་བརྟས་པར་བྱས། །

ལ་གཞས་སིང་སིང་འཐེན་པའི་སྨན་ཆུང་མའི། །
རྒྱ་ལྕང་སྐྲ་ཆུན་ལྷས་མའི་བར་གསེང་དུ། །
ཡིད་འཇེབས་ནས་ཀྱི་སྙེ་མའི་རྒྱན་ཀླུབས་པར། །
སྟོན་རླུང་སིལ་བུ་ཞིག་གིས་བསྒུལ་བར་བྲེལ། །

བཅོས་མིན་འཛུམ་དཀར་གྲོལ་བའི་སོ་ནམ་པའི། །
ལག་ཁྱོར་དཀའ་སྡུག་རི་མོ་མང་བའི་དབུས། །
དཀར་ནག་ནས་འབྲུ་ཁྲི་འབུམ་གསོན་ཉམས་ཀྱི། །
གདོང་ངོགས་ཅེར་བའི་སྟངས་ཀ་ཡིད་དུ་འཇེབས། །

སྟོན་ཀའི་ལས་བྲེལ་རླུང་བུས་མྱུར་བདས་ཤུལ། །
ངལ་བའི་རྡུལ་ཆུ་ཐིགས་ཕྲེང་སར་ལྷུང་བའི། །
གཤིས་འཇམ་རོང་པའི་སྲས་མོས་སྐྲ་གསེད་བར། །
ནས་འབྲུ་ཟིལ་བུ*་ཆར་བཞིན་བརྡོལ་བ་མཛེས། །

སྟོན་གསུམ་ལྷགས་རླུང་རྒྱུ་བའི་ལྕང་རའི་ཁྲོད། །
ལྗང་སེར་ལོ་མ་ཁྱུ་ཚོགས་བར་སྣང་ངོགས། །
ལྷབ་ལྷུབ་གར་ལ་རྩེན་པའི་སྟངས་སྟབས་ཀྱིས། །
དབྱར་གསུམ་བུ་མོའི་དཔལ་ཡོན་རྒྱང་སྐྱེལ་བརྡ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*