ས་མཆོད་ཆེན་མོ།

དེ་རིང་བོད་ཟླ་ ༩ ཚེས་ ༡༤ ས་མཆོད་ཆེན་མོའི་ཉིན། རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ས་གནས་རཱཇ་པུར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ས་སྐྱའི་ཆོས་སྒར་དུ། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་པོ་དང་། རྣལ་འབྱོར་དབང་ཕྱུག་ས་ཆེན་ཀུན་དགའ་སྙིང་པོ། སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཀུན་དགའ་བསྟན་པ་བློ་གྲོས་བཅས་ཀྱི་དགོངས་རྫོགས་དུས་ཆེན་ཁྱད་པར་ཅན་ལ། དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག འཁོན་གདུང་ངག་དབང་བློ་གྲོས་ནམ་མཁའ་ཐེག་ཆེན་ཆོས་ཀྱི་རྒྱལ་མཚན་ནམ་ཨ་ཀཱ་ཤ་བཛྲ་རིན་པོ་ཆེ། འཁོན་གདུང་སི་དྷརྠ་བཛྲ་རིན་པོ་ཆེ། རྗེ་བཙུན་མ་སྐུ་བགྲེས་ཀུན་དགའ་ཕྲིན་ལས་དཔལ་སྟེར། རྗེ་བཙུན་མ་སྐུ་གཞོན་ཀུན་དགའ་འཆི་མེད་དབང་མོ་བཅས་དབུས་པའི་མཁན་སྤྲུལ་དགེ་འདུན་འདུས་མང་ནས་ས་ཆེན་བླ་མཆོད་ཀྱི་ཆོ་ག་སྒོ་ནས་སྲུང་བརྩི་གནང་འདུག་མ་ཟད།

ལྡི་ལི་རྟེན་གཞི་བྱེད་པའི་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་མདུན་ཐང་དུ་དཔལ་ས་ཆེན་ཀུན་དགའ་སྙིང་པོའི་སྐུ་ཐང་མཐོང་གྲོལ་རིན་པོ་ཆེ་ལ་མེ་ཏོག་མཆོད་པའི་ཕྲེང་བ་ལ་སོགས་པའི་མཆོད་རྫས་སྣ་འཛོམས་ཀྱི་མཆོད་པ་གཤམ་ནས་དཔལ་ས་སྐྱའི་མཁོན་གདུང་ཨ་བི་ཀྲི་ཏ་རིན་པོ་ཆེ་མཆོག་དང་ཤཱཀྱའི་དགེ་སྦྱོང་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་སྐྱབས་གནས་དགེ་མདུན་པ་རྣམ་པ་དང་ལས་བྱེད་ཕོ་མོ་ཀུན་ནས་དེ་རིང་གི་དགོངས་རྫོགས་སྲུང་བརྩི་གནང་། དེ་བཞིན་དུ་བོད་གཞིས་བྱེས་གཉིས་གཙོས་ཡུལ་གྲུ་གཞན་སོགས་ལོ་ལྟར་ས་མཆོད་སྲུང་བརྩི་གནང་དང་གནང་མུས་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*