ནང་སེམས་སྐྱོ་བའི་མགུར་གླུ།

འཇོ་མདའ་པདྨ།
སེམས་པ་ལྷོད་ལ་མི་འབབ་དྲག་ཏུ་ལྡིང་པ།།
སེམས་ལ་སྐྱོ་གདུང་མང་བའི་དན་རྟགས་ལོས་ཡིན།།
སེམས་ཀྱི་དབུས་སུ་འདྲ་མིན་སྣ་ཚོགས་འཆར་ཡང་།།
སེམས་ནས་ཡལ་རྒྱུ་མེད་པ་ཞིང་གཤེགས་ཨ་མ།།

སེམས་པ་སྐྱོ་ཡང་སེམས་གསོ་བྱེད་མཁན་མ་བྱུང་།
སེམས་པ་ངུས་ཀྱང་སེམས་ཀྱི་ཨ་མས་མ་མཐོང་།།
སེམས་པ་རྡོ་ལྟར་འཁྱག་པའི་ཉིན་ཞག་འདི་ཚོར།།
སེམས་ལ་དྲོད་ཐིགས་རྩོལ་བའི་མི་ཞིག་ཨེ་ཡོད།།

སེམས་པ་རབ་ཏུ་དཀར་བའི་ཨ་མ་འདས་རྗེས།།
སེམས་པ་སྙི་མོ་འདི་ལ་ནད་ཅིག་ཕོག་སོང་།།
སེམས་ཅན་སྙིང་རྗེ་ཅན་ཚོས་མཐོང་བ་ཨེ་བྱུང་།།
སེམས་ཆུང་ང་འདྲ་འཇིག་རྟེན་ཁམས་ན་ཨེ་མཆིས།།

སེམས་མཐུན་ཡིན་པ་འདྲ་བའི་མི་ཚོཊ་ཁྲོད་དུ།།
སེམས་ཀྱི་མ་ལས་ལྷག་པ་སུ་ཞིག་མ་མཐོང་།།
སེམས་སུ་རྟག་ཏུ་དྲན་ཡང་ཐུག་འཕྲད་མེད་པའི།།
སེམས་ཀྱི་མ་ཁྱོད་མཐོ་རིས་ཐོབ་པ་ཨེ་བྱུང་།།

སེམས་པ་དུང་དུང་འདྲ་བའི་མི་ནི་མང་ཡང་།།
སེམས་ཀྱི་ཨ་མ་འདྲ་བ་སུ་ཡང་མི་འདུག།
སེམས་པས་རྟག་ཏུ་བཙལ་ཡང་རྙེད་རྒྱུ་མེད་པའི།།
སེམས་ཀྱི་མ་ཁྱོད་རིགས་དྲུག་གང་དུ་བཞུགས་ཡོད།།

སེམས་ལ་གཡོ་སྒྱུ་མེད་པའི་ཨ་མ་དྲན་དུས།།
སེམས་སུ་དྲན་གདུང་ཁ་བ་བུ་ཡུག་འཚུབ་ཀི།
སེམས་ནས་བརྗེད་ཐབས་མེད་པའི་ཨ་མ་མ་ལོ།།
སེམས་ཅན་སུ་འདྲ་ཞིག་གི་སྐྱེ་བ་བླངས་ཡོད།།

སེམས་ཀྱི་མ་དང་བྲལ་བའི་ལོ་ཟླ་འདི་ཚོར།།
སེམས་ལ་བདེ་སྐྱིད་ཟེར་བ་སྤུ་ཙམ་མི་འདུག།
སེམས་སུ་སྡུག་གི་མུན་པའི་སྨག་རུམ་ཚེས་ནས།།
སེམས་ཀྱི་དཀྱིལ་ནས་རུལ་དྲི་ཡང་ཡང་འཐུལ་གི།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*