༧སྐྱབས་རྗེ་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་བཀའ་སློབ།

ངོར་དགོན་གྱི་ལས་བྱེད་རྣམ་པ་དང་།དེ་བཞིན་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་མཁན་པོ་རྣམ་པ་དང་།དགེ་རྒན་དང་སྐྱོར་དཔོན་དང་རྡོ་རྗེ་སློབ་དཔོན་དང་དགེ་འདུན་འདུས་པ་རྒྱ་མཚོ་ལ། ང་ལྟ་བུ་སྐྱེས་སྦྱང་གི་ཡོན་ཏན་གང་ཡང་མེད་མཁན་ཞིག་ལ་ཆེས་མཐོང་ཆེན་པོ་དང་། ཐུགས་བརྩེ་བ་ཆེན་པོས་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྐུ་རིམ་ཞབས་བརྟན་ཉིན་གསུམ་རིང་ལ་བཀའ་དྲིན་བསྐྱང་པ་དེ་བཞིན་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཡང་མཆོད་གཏོར་འབུལ་བ་སོགས་མདོར་ན་ཉིན་མ་གསུམ་གྱི་རིང་ལ་དེ་ལྟར་བཀའ་དྲིན་ཆེན་པོ་བསྐྱངས་སོང། ད་ལྟ་ཞལ་བཞེས་ཞུ་རྒྱུ་དེ་མགོན་པོ་བྱམས་པས་གསུངས་པ་བཞིན།འཕགས་པ་ན་དང་འཆི་བ་དང་།རྒ་བའི་སྡུག་བསྔལ་བརྩད་ནས་སྤངས།།ཞེས་གསུངས་ཡོད།འཕགས་པའི་རིགས་སུ་གཏོགས་ན་སྐྱེས་འཆི་ལ་དབང་ཐོབ་པ་ཡིན་ལ་ང་འདིའི་བར་དུ་བཞུགས་རོགས་གྱིས་ཞེས་ཞུས་ན།ང་ཡང་དེའི་བར་དུ་སྡོད་ཆོག་ཅེས་མར་བཀའ་གནང་བ་ཁོང་རྣམ་པ་ལ་ཡོན་ཏན་དེ་ལྟ་བུ་ཆེན་པོ་ཡོད་རེད། ང་ལྟ་བུ་སྐྱེས་བུ་ཐ་མལ་པ་ལས་ལས་སྐྱེས་པའི་རྨོངས་པ་ཞིག་གིས་དེ་ལྟར་ཞུས་མ་ཤེས་ཀྱང། ངས་གཙོ་ཆེ་ཤོས་གང་ཞུས་རྒྱུ་ཡིན་ཞེ་ན།ང་ལྔ་བཅུ་ང་དྲུག་ལ་སླེབས་སོང་།དེའི་བར་དུ་བསྟན་པ་དང་སེམས་ཅན་དོན་ག་ཚོད་བསྒྲུབ་ཐུབ་ཡོད་མེད་ཤེས་མ་སོང་མོད།གང་ལྟར་ཡིན་མདོག་མདོག་བྱས་ནས་མོ་བརྒྱབ་པ་ཡན་ཆད་ཞབས་ཕྱི་ཞུ་ཁུལ་རེད།དེ་བཞིན་དུ་དགོན་པ་ལ་ཞབས་ཕྱི་ཅུང་ཟད་བསྒྲུབས་ཡོད་རྒྱུ་རེད།རང་ཉིད་ལ་རྒྱ་ཆེ་བའི་ཡོན་ཏན་མེད་པས་དེ་ཙམ་མ་གཏོགས་བསྒྲུབ་ཐུབ་ཀྱི་མི་འདུག

བསྟན་པ་ལ་ཞབས་ཕྱི་ཆེན་པོ་གང་ཡང་ཞུ་ཐུབ་ཡོད་མ་རེད།ཡིན་ན་ཡང་ང་ཡི་བསམ་བློ་ལ་ང་ལྔ་དྲུག་ལ་སླེབས་སོང་། ང་ཡི་མི་ཚེ་ལྷག་མ་གང་ཡོད་པ་དེ་གཟུགས་པོ་བདེ་བོ་ཞིག་དང་། ཚེ་རིང་པོ་ཞེས་པ་དེ་གནད་ཆེན་པོ་དེ་ཙམ་མཐོང་གི་མེད།ང་བདུན་ཅུ་ཙམ་བསྡད་དེའི་བར་དུ་གཟུགས་པོ་བདེ་བོ་ཞིག་དང་།ཚེ་ལྷག་མ་གང་ཡོད་པ་དེ་ཆོས་བསྒྲུབ་ཐུབ་ན་བསམ་པ་དེ་ངས་སྔོན་མ་ཆུང་ཆུང་ནས་དྲན་གྱི་ཡོད།ཁྲི་གོང་བསྡད་དེས་ཆོས་འབྲེལ་ཞུ་རྒྱུ་སོགས་སྔོན་ནས་དེ་ཙམ་དགའ་བོ་མེད།སྤྱིར་བཏང་ནས་མི་དཀྱིལ་ལ་འགྲོ་བ་དེ་མཚེར་པོ་དང་མ་བདེ་བ་ཞིག་ཆགས་ཀྱི་འདུག།

དེས་ན་ངས་ཆོས་ཤིག་བསྒྲུབ་ཐུབ་ན་ང་ཡི་མི་ཚེ་དོན་དང་ལྡན་པ་ཆགས་ས་རེད་བསམ་གྱི་ཡོད།ད་ལྟ་བར་དུ་གང་ཡང་བྱུང་མ་སོང་།དཀོར་གྲོང་ཆོག་རྐྱང་རྐྱང་བྱས་ནས།རང་ཉིད་སྐྱེ་བ་ཕྱི་མ་གང་དུ་འགྲོ་བ་མ་ཤེས་པ།མི་ལ་སྐྱེས་བརྟག་བྱ་རྒྱུ་སོགས་དེའི་རིགས་མང་པོ་བྱས་ཡོད། མི་ཚེ་ལྷག་མ་གང་ཡིན་པ་དེ་གཟུགས་པོ་ཐང་པོའི་ངང་ནས་ཚེ་དང་བསྒྲུབ་པ་མཐར་ཕྱིན་པ་དང།གཟུགས་པོ་བདེ་བོ་ཡོང་པར་ཁྱེད་རྣམ་པ་ལ་ངས་འབོད་བསྐུལ་དང་གསོལ་འདེབས་དང་དེ་དེ་བཞིན་དུ་བཀའ་དྲིན་མ་ཆུང་ཞུ་རྒྱུ་ཡིན།ད་ལྟ་གཞུང་ཚིག་འདི་ཉིད་ཞུ་རྒྱུ་ཡིན།

“གལ་ཏེ་བསྟན་པ་རྒྱས་པ་དང་།།

སེམས་ཅན་ཕན་པའི་རྒྱུར་འགྱུར་ན།།

མི་ལོ་བརྒྱ་རྩ་བརྒྱད་ལ་སོགས།།

གང་འདོད་འཚོ་བར་བླ་མ་དང།།

རྒྱལ་བ་སྲས་དང་བཅས་པས་བདག།།

དབང་བཅུ་ལྡན་པར་བྱིན་གྱིས་རློབས།།”ཞེས་གསུངས་འདུག།དེ་དེ་བཞིན་དུ་མ་བྱུང་ན་ཡང་ལོ་བདུན་ཅུ་ཙམ་བསྡད་ཐུབ་པ་དང་།གཟུགས་པོ་བདེ་བོ་ཡོང་བར་ཐུགས་སྨོན་ཞིག་གནང་རོགས་ཞུ་རྒྱུ་ཡིན།གཟུགས་པོ་བདེ་བའི་སྐབས་ལ་ཡང་ཚེ་དང་བསྒྲུབ་པ་མཐར་ཕྱིན་པ་ཞིག་དང།རང་ཉིད་རང་ཉིད་ལ་མགོ་སྐོར་གཏོང་མི་དགོས་པ།མི་གཞན་ལ་ཡང་མགོ་སྐོར་གཏོང་མི་དགོས་པ་ཐུགས་སྨོན་སྐྱབས་འཇུག་རྒྱ་མི་ཆུང་བ་གནང་རོགས་ཞུ།

དེ་བཞིན་དགོན་པ་དང་གཞིས་ཆགས་སོགས་ཀྱིས་ཆེས་མཐོང་དང་ཐུགས་བརྩེ་བ་ཆེན་པོས་འདི་ལ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།ཁྱེད་རྣམ་པ་ཐམས་ཅད་མི་འདོད་པའི་གནོད་འཚེ་ཐམས་ཅད་ཞི་བར་ང་ཡི་ངོས་ནས་ངོས་ནས་ཀྱང་གསོལ་བ་སྨོན་ལམ་གང་ཐུབ་ཐུབ་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*