སེམས་པའི་ཁུར་ལ་བབས་པའི་ནམ་མཁའ།

ཚོར་སྦྲང་། དཀར་མཛེས།

   མགོ་གཙོས་མདང་ནུབ་ཁ་པར་བཏང་ནས་སང་ཉིན་ཁོ་ལ་དོན་དག་ག་ཆེན་ཞིག་ཡོད་པས། ལས་ཚོགས་སྔ་མོར་ཚུར་ལ་སྣུད་དགོས་པའི་རྒྱུ་མཚན་མང་པོ་ཞིག་བཤད་ནས། ཁ་པར་ནག་ཚུབས་སེ་གཏན་སོང་། ད་ནངས་སྔ་མོར་ཉི་ཟེར་གྱི་ཟེགས་མ་ས་ལ་མ་ཕོག་པའི་སྔོན་ཏག་ཏག་དེར། ང་དང་ལས་གྲོགས་ཚོ།ལས་ཁུངས་ལ་ཡོང་ནས་རང་རང་གི་ལས་ཀ་དེ་དག་གྲུབ་པར་བྱས་རྗེས། མགོ་གཙོས་ཅི་བཤད་ལ་རྣ་བ་ཕྱོགས་ནས་བསྡད་པ་ཡིན། མགོ་གཙོས་སྤྱི་དོན་དང་སྒེར་དོན་འདྲེས་མའི་སྐད་ཆ་མང་པོ་ཞིག་བཤད་ནས་དུས་ཚོད་བརྒྱད་པ་ཡས་མས་ཚོགས་གྲོལ་སོང་། ལས་ཁུངས་ནང་ནས་ཕྱིར་སྒོ་ལ་བུད་པ་དང་མཉམ་དུ།སེར་ལམ་ལམ་གྱི་ཉི་ཟེར་ཞིག་ངའི་ངོ་གདོང་ལ་ཡོངས་སུ་བརྒྱབ་བྱུང་།

དེ་ནི་ཕ་ཡུལ་གྱི་ཉི་འོད་དེ་དང་འདྲ་བར། སུ་ལ་ཡང་མཐོ་དམན་མེད་པར་ཉི་འོད་ཀྱིས་ཡོངས་སུ་ཁྱབ་པར་བྱས་ན་ཡང་། གྲོང་པ་འདིའི་མི་དེ་ཚོ་ནི་ཕ་ཡུལ་གྱི་མི་རྣམས་དང་མི་འདྲ་བར། ཉི་འོད་ལམ་ལམ་དུ་འཆར་བ་ལ་དགའ་སྣང་རྡུལ་ཙམ་ཡང་མི་འདུག དེ་ཡང་ཅི་ཁག་སྟེ། གྲོང་པ་འདིར་འཆར་བའི་ཉི་འོད་ནི་ཕ་ཡུལ་གྱི་བདེ་དྲོད་སྙོམ་པའི་ཉི་འོད་དེ་དང་མི་འདྲ་བར་ཡོངས་སུ་སྲེག་པར་བྱེད། དེ་ནི་ཁོས་བརྩེ་བ་ཕུལ་སྟངས་གཞན་ཞིག་ཡིན་ཡང་སྲིད་མོད།དེ་ལྟ་ན་ཡང་གྲོང་པ་འདིའི་མི་རྣམས་ཀྱིས་ཁོ་ལ་དགའ་བོ་མི་བྱེད་པར། ཉི་འོད་འཆར་བ་དང་མཉམ་དུ། མི་རྣམས་ཀྱིས་སྡང་མིག་ཅིག་བགྲད་ནས་ཁྱིམ་ལ་འགྲོ་བ་ལྟ་ཅི། ལྟོ་བ་འཕྱང་ནས་ལམ་བར་དུ་སྐྱིད་ཉལ་རྒྱག་བཞིན་པའི་ཁྱི་རྒན་དེ་ཚོ་ཡང་། ཡར་ལ་ལངས་ནས་ཉི་འོད་ལ་གཡོལ་ཅི་ཐུབ་བྱེད་པ་ཡིན།

དེ་རིང་ང་ལ་དམིགས་བསལ་ཀྱིས་ལས་ཀ་ཅི་ཡང་མེད། ལས་ཚོགས་གྲོལ་བ་དང་མཉམ་དུ་ཁྱིམ་ལ་འགྲོ་གྲབས་བྱས་པ་ན། སེར་ལམ་ལམ་གྱི་ཉི་འོད་དེ་གས། ང་ལ་ཕ་ཡུལ་གྱི་བརྩེ་སེམས་དྲན་དུ་བཅུག་སོང་བས། ང་རང་ཁྱིམ་ལ་སོང་ནའང་ངས་སྒེའུ་ཁུང་གི་ནང་དུ་མིག་ཟུང་ཅེར་ནས། ཕ་ཡུལ་ཡང་ཡང་དྲན་དགོས། དོན་དེ་ང་ལ་མཚོན་ན་དགའ་བའི་གནས་ཤིག་གཏན་ནས་མིན། གྲོང་པ་འདིའིིིི་མི་རྣམས་ཀྱིས་ཉི་འོད་ལ་གཡོལ་ཅི་ཐུབ་བྱེད་པ་བཞིན། ངས་ཀྱང་ཕ་ཡུལ་དྲན་པའི་གདོང་བ་ལ་གཡོལ་ཅི་ཐུབ་བྱེད་བཞིན་ཡོད་ཙང་། ཕྱི་ལ་འཁྱམ་ཉུལ་དུ་སོང་ནས་ཁམས་སངས་ཤིག་བྱེད་ན་འདོད་སོང་། ལས་གྲོགས་ཟླ་བ་ཁྲིད་ནས་ཆང་ཁང་ཞིག་ལ་སོང་བ་ཡིན།

ང་རང་ནམ་ཞར་སྐྱོ་གདུང་གི་སྨག་ནང་ལྷུང་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་དུས། གྲོགས་པོ་ཟླ་བ་ནི། དགུང་ལ་འཆར་བའི་དཀར་གསལ་གྱི་ཟླ་བ་ཅི་བཞིན།སྐྱོ་གདུང་གི་མཚན་མོ་རེ་རེར་ང་ལ་འོད་སྣང་སྦྱིན་པར་བྱེད། ངེད་གཉིས་ཆང་ཁང་ནང་ལ་ཐོན་ནས་ཆང་དུམ་འགའ་འཐུང་བ་ཡིན། ཆང་ཁང་འདིར་ཉི་འོད་མཐོང་རྒྱུ་མི་འདུག་པས། ངས་ཕ་ཡུལ་དྲན་པའི་གདུང་བ་ཡང་རིམ་གྱིས་མེད་པར་གྱུར། ཟླ་བས་ང་རང་སེམས་པ་སྐྱིད་ཆེད། ཁོས་ཅི་ཞིག་བཤད་ནས་ཁོམ་གྱིན་མི་འདུག ཁོ་ང་དང་ཕ་ཡུལ་གཅིག་པ་མིན་ན་ཡང་ང་ཁོ་ལ་འགྲོགས་པར་ཞེ་དྲག་དགའ། ཁོས་སློབ་ཆུང་གི་སྐབས་སུ་བུད་མེད་ཚོས་ཁོར་བརྩེ་འཕྲིན་བསྐུར་ཚུལ་དང་། ཁོས་དེ་ཚོ་དང་ལེན་མ་བྱས་པའི་སྐོར་ཞིག་བཤད་ན་དུས་ཚོད་ཀྱང་ག་ཚོད་འགྲོ་བ་ཧ་མི་གོ་བའི་ཚོད་ཡིན།

ངས་ག་ལེར་རྣ་བ་བླགས་ཚེ། ཁང་བའི་བར་སྣང་དུ་ཐུར་ལ་དཔྱངས་པའི་གློག་འོད་དཀར་དམར་དེའི་གསེང་ནས། གླུ་གཞས་གཉོམ་པོ་ཞིག་དལ་གྱིས་ལྷང་ལྷང་གྲག་བཞིན་པ་ཐོས། གླུ་གཞས་དེ། དེ་འདྲས་གཉོམ་ཆུང་གིས་གྲག་བཞིན་འདུག་ལ། དེ་ལ་དམིགས་ཀྱིས་རྣ་བ་བླགས་ཏེ་ཉན་མཁན་སུ་ཡང་མི་འདུགཁེར་རྐྱང་གིས་མངོན་པའི་གླུ་གཞས་དེ་ནི་ཅི་འདྲའི་སྙིང་ཉེ་བ་ཞིག ངས་ཁོ་རང་རྒྱུ་མཚན་ཅིའི་ཕྱིར་ཁེར་རྐྱང་དུ་མངོན་དགོས་པར་བསམ་བློ་བཏང་།འབྱམས་ཀླས་པའི་ཆང་ཁང་འདིའི་ནང་དུ་མི་ཚོགས་འདི་འདྲ་མང་པོ། ཁོ་རང་ལ་དོ་སྣང་བྱེད་མཁན་དཀོན་པ་ཅི་ཡིན་ནམ། བློ་བུར་དུ་ངས་ཕ་ཡུལ་གྱི་ཁ་བ་དྲན་བྱུང་། ཁོ་རང་ད་སྐབས་ཕ་ཡུལ་དུ་དལ་གྱིས་འབབ་བཞིན་ཡོད་སྲིད། ཁོ་ཡང་གཉོམ་ཆུང་གི་གླུ་གཞས་འདི་དང་འདྲ་བར། ཕ་ཡུལ་གྱི་མི་ཚོགས་ཀྱིས་ཁོ་ལ་དོ་སྣང་གང་ཡང་མི་བྱེད། འབྱམས་ཀླས་པའི་ཕ་ཡུལ་དུ་ཁེར་རྐྱང་དུ་འབབ་བཞིན་ཡོད། ཁ་བ་འདི་དྲན་སྟབས་ཀྱིས་ངས་ཕ་ཡུལ་དྲན་བྱུང་། ཕ་ཡུལ་གྱི་ཡུལ་མི་དྲན་བྱུང་། ཁོ་ཚོས་ད་སྐབས་གྲང་ཅང་ཅང་གི་ནམ་ཟླ་ཞིག་ལ་ངོ་གདོང་གཏད་ནས་ཅི་ཞིག་བྱེད་ཀིན་ཡོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*