གཞས་ཚིག འབྲོང་བུ་ཚུལ་ཁྲིམས་མཐར་ཕྱིན།
གཞས་གདངས། རྨི་ལམ་ཚེ་རིང་།
དཀར་ཟས་ལགས།
ཁྱོད་རང་གང་དུ་གནས་བཞད་ཀྱང་ཆོག་སྟེ།
ང་ནི་ཁྱོད་ཀྱི་བཅུད་ལ་ཞེན་པའི།
སྤང་གི་སྦྲང་ཆུང་ཞིག་ཡིན།
ནམ་ཞིག་ལ་ངའི་སྐྱེ་ལུས་གཞན་དུ་གྱུརད་ཀྱང་།
ངའི་འཚོ་བཅུད་ཀྱི་ཁ་ཟས་ཁྱོད་ཡིན།
ངའི་ཡིད་སེམས་ཀྱི་དམ་ཆོས་ཁྱོད་ཡིན།
ཚེ་སྲོག་གི་ལྷ། ཞི་བདེ་ཡི་མགོན།
ང་ཁྱོད་ཀྱི་དོན་དུ་གང་ཞིག་སྐྱེས་ཀྱང་།
ངའི་རེ་བའི་སེམས་སུ་འགྱོད་དབྱངས་ཤིག་མེད།
ཉམ་ཆུང་གི་སྐྱབས། འཚེ་མེད་ཀྱི་ལམ།
དུས་ད་ཐེངས་འུ་གཉིས་ཕྲད་པ་བཞིན་དུ།
སྐྱེ་བ་རྗེས་མར་སྨོན་ལམ་རང་གིས་བཏབ་ཡོད།
དཀར་ཟས་ལགས།
ཁྱོད་རང་ཡུལ་ཕྱོགས་གང་དུ་བཞད་ན།།
དེ་རུ་སེམས་ལྡན་གྲངས་མེད་ཅིག་ལ།
ལུས་ཀྱི་གསོ་སྨན་ཁྱོད་ཡིན།
ནམ་ཞིག་ལ་གཞན་ཁྱོད་ཀྱི་རིན་ཐང་རྟོགས་ཚེ།
སྐྱབས་སྦྱིན་གྱི་ཡང་སྙིང་ཁྱོད་ཡིན།
གཞན་ཕན་གྱི་འོ་མ་ཁྱོད་ཡིན།
ཚེ་སྲོག་གི་ལྷ། ཞི་བདེ་ཡི་མགོན།
ཁྱོད་གཞན་གྱི་དོན་དུ་བཞད་གྲངས་མང་དགོས།
ཁྱོད་གཞན་གྱི་སེམས་སུ་བརྗེད་པ་མི་སྲིད།
ཉམ་ཆུང་གི་སྐྱབས། འཚེ་མེད་ཀྱི་ལམ།
དུས་ད་ཐེངས་འུ་གཉིས་ཕྲད་པ་བཞིན་དུ།
སྐྱེ་བ་རྗེས་མར་སྨོན་ལམ་རང་གིས་བཏབ་ཡོད།
ཉམ་ཆུང་གི་སྐྱབས། འཚེ་མེད་ཀྱི་ལམ།
དུས་ད་ཐེངས་འུ་གཉིས་ཕྲད་པ་བཞིན་དུ།
སྐྱེ་བ་རྗེས་མར་སྨོན་ལམ་རང་གིས་བཏབ་ཡོད།
འབྲོང་བུ་ཚུལ་ཁྲིམས་མཐར་ཕྱིནད་ཀྱིས་གླིང་དཀར་ཟས་ཉིན་མོར་བསུ་བའི་ཚབ་ཏུ་བྲིས་པའོ།། །།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.