སྒོ་སྤྲེའུ་ངེས་དོན་གྱི་སྒེར་དེབ《ལམ་གྱི་ལེའུ》དང་འབྲེལ་བའི་གཏམ།

རྨོག་ཐང་དཀར།

གཅིག

སྒྱུ་རྩལ་གྱི་མཐར་ཐུག་ནི་ཤེས་རབ་ལས་བྱུང་ཞིང་། མི་རིགས་དེའི་ཚད་མཐོ་བའི་སྐད་ཆ་ནི་མི་རིགས་དེའི་རྩོམ་རིག་ལ་ངོས་འཛིན་གྱིན་པ་གཞིར་བྱས། མི་ཡོད་ཚད་ཀྱིས་རྩོམ་རིག་གི་ཡང་སྙིང་རྟོགས་མི་ཐུབ་ཅིང་། བརྩམས་ཆོས་ཡག་ཤོས་ཤིག་གི་ལྗིད་ཚད་ཀྱང་མཐོ་རིམ་ཀློག་མཁན་གྱི་སྡེ་མ་གཏོགས་མི་དམངས་བྱིངས་ཀྱིས་དེའི་སྒྱུ་རྩལ་གྱི་དགོངས་པ་དང་ཟབ་ཚད་ལ་ངེས་ཤེས་རྙེད་མི་སྲིད། ཡིན་ན་ཡང་། བརྩམས་ཆོས་ཡོད་ཚད་ཚད་ཐིག་འདིར་སླེབས་དགོས་པའི་ངེས་པ་མེད་དེ། ལེགས་ཉེས་ཀྱི་བརྩམས་ཆོས་སྣ་ཚོགས་ཤིག་བྱུང་བའི་ཉམས་མྱོང་དང་ཐོད་བརྒལ་ཁྲོད། ད་གཟོད་བརྩམས་ཆོས་ཡག་ཤོས་ཤིག་གི་བརྒྱུད་རིམ་རགས་ཙམ་མཐོང་ཐུབ་པ་ཡིན། འོན་ཏེ་རྩོམ་པ་པོ་དག་གིས་བརྒྱུད་རིམ་འདིའི་ཁྲོད་ནས་ཡང་དག་པའི་ངོས་འཛིན་དང་གདོང་མཆོང་བྱས་ཏེ་གཡུར་དུ་ཟ་བའི་བརྩམས་ཆོས་ཡག་ཤོས་ཤིག་ལེགས་འགྲུབ་འབྱུང་བར་ཤ་ཐང་རུས་ཐང་དུ་འབད་འོས། དུས་ཚོད་འདི་འདྲ་ཞིག་ཏུ། བོད་ཀྱི་སྐད་ཡིག་གི་གཞུང་ལམ་ཁྲོད་སློབ་འབྲིང་སློབ་མ་ཡད་ཆད་ཀྱིས་རྩོམ་རིག་གི་ལྟ་གྲུབ་གཉེར་བ་ནས། རྩོམ་རིག་ཤེས་རམས་པ་དང་། རྩོམ་རིག་འབུམ་རམས་པའི་ཐོབ་ཐང་སོགས་རྩོམ་རིག་གི་གྲུབ་འབྲས་སྣ་ཚོགས་ལ་གཞོལ་བཞིན་མཆིས། རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་དང་འཇུག་བཞིན་པའི་གཞོན་སྐྱེས་རྩོམ་མཁན་མང་དུ་བྱུང་བ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གསར་བྱུང་འཕེལ་རྒྱས་སུ་བརྩི་རིགས་ཞེས་གཅིག་མཐུན་གྱི་ལྟ་ཚུལ་མང་དུ་བྱུང་ཡོད། གསར་རྩོམ་གྱི་ལམ་ལ་ཞུགས་པའི་གཞོན་སྐྱེས་ཤིག་ལ་མཚོན་ན། རྩོམ་རིག་གི་མྱོང་བ་གསོག་འཇོག་བྱ་རྒྱུ་ནི་རྩོམ་རིག་གསར་རྩོམ་ལ་མྱུར་བགྲོད་འབྱུང་བའི་ཕན་འབྲས་ངེས་ཅན་ཞིག་ཏུ་གྲུབ་པས། ལོ་རེ་རེའི་བརྩམས་ཆོས་མཐའ་དག་ལ་གཤིབ་བསྡུར་དང་ཕྱི་མ་རྣམས་སྔ་མ་ལས་འདའ་འགོངས་དང་ཐོད་བརྒལ་བྱུང་མིན་གྱི་སྐོར་ལ་ཕྱིར་རྟོག་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན། གལ་སྲིད་བརྩམས་ཆོས་མཐའ་དག་གི་ཟབ་ཚད་དང་དགོངས་པ་ངོ་མ་དེ་ད་དུང་ཡང་སྦུ་གུ་གཅིག་ཏུ་སོང་བའི་ཚོར་སྣང་བྱུང་སྐབས། རྩོམ་པ་པོས་སྒྱུ་རྩལ་གྱི་སེམས་ཁམས་འོག་དཔྱོད་ཤེས་ཡང་དག་པའི་ངང་ནས་རྩོམ་རིག་གི་ཁ་ཕྱོགས་གསར་བར་འཇུག་པའི་སྟ་གོན་བགྱིས་ཏེ། རང་གི་རྣམ་དཔྱོད་ལ་བེད་སྤྱོད་ཀྱི་སྙིང་པོ་ལེན་དགོས་པ་ཡིན། མ་གཞི་རྩོམ་པ་པོ་ནི་ཀློག་པ་པོ་དང་བར་ཐག་མེད་པར་ཐུན་མོང་གི་ཚོར་སྣང་ལ་ཉམས་འཇོག་གནང་མཁན་དེ་ཡིན་ཞིང་། ཀློག་པ་པོ་ཡང་རྩོམ་པ་པོ་དག་གི་བརྩམས་ཆོས་ལ་རྩོམ་རིག་སྒྱུ་རྩལ་གྱི་རོ་བྲོ་ཡོད་མེད་མྱོང་མཁན་དེ་ཡིན་པས་དེ་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་གི་ལམ་དུ་གནས་ཏེ་རྩོམ་རིག་ལོངས་སུ་སྤྱོད་མཁན་དུ་ཆགས་ཡོད་པ་ཡིན། དེ་ཡང་རྩོམ་རིག་གི་ཕྱི་ཤུན་ཙམ་ལས་མྱོང་མི་ཐུབ་པའི་ཚིག་གི་ཀློག་པ་པོ་ཞིག་ལ་མཚོན་ན། ནམ་ཡང་རྩོམ་པ་པོའི་བརྩམས་ཆོས་ཀྱི་ཚིག་གི་བསྣོལ་བསྡེབས་དང་ཐ་སྙད་ཀྱི་ལྕི་ཡང་། རྗོད་བྱེད་ཀྱི་སྒྲིག་གཞི་བཅས་ཀྱི་ཕྱོགས་ལ་དང་དོད་གནང་བ་དང་། ཡང་ན། བརྩམས་ཆོས་ཀྱི་བརྗོད་བྱའི་རང་བཞིན་ལ་ཐེ་གཏོགས་བགྱི་མཁན་གྱི་ཀློག་པ་པོ་ཚོས། བརྩམས་ཆོས་ཀྱིས་ཅི་ཞིག་བརྗོད་པ་དང་། དེའི་བརྗོད་བྱས་སྤྱི་ཚོགས་ལ་ཕན་ནུས་ཅི་ཞིག་བསྐྲུན་མིན་གྱི་སྐོར་དང་། ཡང་ན་དགོད་བྲོ་བ་དང་། དངོས་བྱུང་དང་རྟོག་བཏགས་གང་ཞིག་ཡིན་པའི་སྐོར་སོགས་ལ་མཉམ་འཇོག་གནང་ཡང་། སྒྱུ་རྩལ་རང་བཞིན་དང་ཚོར་ཤེས་རྣོ་རྟུལ་ལ་རོལ་མྱོང་ཐུབ་མཁན་གྱི་ཀློག་པ་པོ་རྣལ་མ་དག་གིས་ནི། ད་གཟོད་བརྩམས་ཆོས་ཀྱིས་ཇི་ལྟར་བརྗོད་པ་དང་མཚོན་ཐབས་ཀྱི་རླབས་འཕྱོ་སྟངས། སྒྱུ་རྩལ་གྱི་ལྟ་དགོངས་ཟབ་མིན་སོགས་ཀྱི་སྐོར་ལ་བསམ་གཞིག་ཡང་ཡང་བྱེད་པ་ཡིན་པས། ལས་དང་པོ་པའི་ས་ནས་ཀྱང་རྩོམ་རིག་གི་སྒྱུ་རྩལ་ལྟ་དགོངས་ཇེ་ཟབ་དང་བསམ་གཞིག་གི་གཏིང་འཐུག་ས་ནས་བརྩམས་ཆོས་བཞེང་སྐྲུན་བྱེད་རྒྱུ་ནི་དཔེ་གལ་ཆེ་བ་ཡིན་ནོ།། སྤྱིར་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བོད་ཀྱི་དེང་རབས་རྩོམ་རིག་གི་རྦ་རླབས་རབ་ཏུ་འཕྱུར་ཏེ། གྲྭ་གྲོང་དང་ཕོ་མོའི་དབྱེ་བ་མེད་པར་རང་མོས་སྙན་ངག་གཙོས་རྩོམ་རིག་གསར་བར་འཇུག་པའི་གོམ་སྟབས་གསར་བ་ཞིག་བྱུང་ཞིང་། བོད་ཀྱི་དུས་དེབ་དང་ཚགས་པར་སོ་སོ་རུ་རྩོམ་རིག་གི་སྡིངས་ཆ་ཇེ་ཡངས་སུ་སོང་འདུག སྐབས་སྔོན་མའི་གྲས་སུ། བོད་མདོ་དབུས་ཁམས་གསུམ་ལས་ཁམས་ཕྱོགས་ཀྱི་རྩོམ་རིག་དང་རྩོམ་པ་པོའི་དཔུང་སྡེ་ཞན་པའི་སྣང་ཚུལ་བྱུང་ནའང་། ད་ལྟའི་ཆར་ཁམས་ཕྱོགས་ནས་ཀྱང་རྩོམ་རིག་གི་གྲུབ་འབྲས་ཅུང་ཉམས་དགའ་བ་རེ་མངོན་བཞིན་པའི་སྐབས་འདིར་ཡང་། རང་ཅག་གི་ཕ་ཡུལ་ནི་ད་དུང་ཡང་སྤྱིར་ཤེས་རིག་གི་སྟོང་ཁམས་ཤིག་དང་སྒོས་སུ་རྩོམ་རིག་གི་དགག་གཞི་ཞིག་ཏུའང་གྱུར་ཏེ། བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་མཁྱེན་དཔྱོད་ལྡན་ཞིང་སྨྱུག་རྩལ་ཡངས་པའི་རྩོམ་མཁན་གཅིག་ཀྱང་བྱུང་མ་མྱོང་བ་ནི་ཧ་ཅང་འ་ཆད་འུ་ཐུག་གི་གནས་བབ་ཅིག་ཏུ་གྱུར་ཡོད་དོ།། གླགས་འདི་དང་བསྟུན་ཏེ། དུས་རབས་གསར་བའི་གཞོན་སྐྱེས་རྩོམ་འབྲི་པའི་སྡེ་ལ་སློབ་གསོ་དང་ཁ་ཏ་གང་དུའང་མི་གཏོགས་པའི་སྙིང་གཏམ་ཞིག་བརྗོད་འདོད་པ་ནི།ང་ཚོ་ནི་ཤེས་རིག་གི་དཔལ་ཡོན་རབ་ཏུ་རྒྱས་པའི་དུས་རབས་འདི་རུ་ཞིག་ཏུ་སྐྱེས་པ་ནི། སྐབས་ལེགས་ན་ཧ་ཅང་གོ་སྐབས་བཟང་བ་དང་སྟབས་ཉེས་ན་ཤིན་ཏུ་ཉེན་ཁ་ཆེ་བའི་དུས་རབས་ཤིག་ཏུ་སྐྱེས་པའི་ངོས་ཟིན་གནང་དགོས་ཏེ། ད་ཆ་ནི་འཇིག་རྟེན་རྙིང་བའི་རིང་གི་འཚོ་ཚིས་དང་། མི་དང་མིའི་འབྲེལ་ལམ་ཐུང་ཐུང་གིས་ནི་འཇིག་རྟེན་དང་འཚོ་བར་ཟབ་ཞུགས་བྱེད་མི་ཐུབ་ཅིང་། སྤྱི་ཚོགས་དང་རྒྱལ་ཁམས་ཤིག་འགྲིམས་ཟེར་བ་ནི་རི་བོང་གི་རྭའི་སྤུན་ཟླའོ།། དེས་ན་རང་ཅག་གིས་མཉམ་འབྲེལ་ངང་སྙིང་སྟོབས་དང་ཤེས་བརྩོན་བསྐྱེད་དང་། རང་ཅག་གིས་ཕར་མ་དོར་ན་བླ་ན་མེད་པའི་བོད་ཀྱི་ཤེས་རིག་སྤྱི་དང་། ཡང་ན་བྱེ་བྲག་འདིར་བརྗོད་འོས་པའི་བོད་ཀྱི་རྩོམ་རིག་གིས་ཀྱང་རང་ཅག་ནམ་ཡང་འདོར་མི་སྲིད་དོ།།

གཉིས།

ཉེ་ལམ་ཕ་ཡུལ་གྱི་ན་གཞོན་རྩོམ་འབྲི་པ་ངེས་དོན་གྱིས་སློབ་རའི་ཁོར་ཡུག་ནས་བྲིས་པའི་རྩོམ་ལུས་སྣ་ཚོགས་ཀྱིས་གྲུབ་པའི་སྒེར་དེབ་ཅིག་འདོན་རྩིས་ཡིན་པས། ཕྲན་ལ་རྩོམ་རིག་དང་འབྲེལ་བའི་བསམ་ཚུལ་ཞིག་འབྲི་དགོས་པར་བསྐུལ་བས་ན། རང་ཉིད་ཀྱིས་རྩོམ་རིག་ལ་བཅངས་པའི་དད་འདུན་དང་ཕ་ཡུལ་ནས་གཞོན་སྐྱེས་རྩོམ་འབྲི་པ་རེ་བྱུང་བའི་དགའ་ཚོར་དང་བཅས་ཏེ། ཡི་གེའི་འདུ་བྱེད་ལ་བརྟེན་ནས་སེམས་ཀྱི་ཡོ་ལངས་ཕྱི་རུ་མངོན་ཙམ་བྱས་ན། 《ལམ་གྱི་ལེའུ》ཞེས་པའི་དེབ་འདི་རུ། ཚིགས་བཅད་དང་རང་མོས། ལྷུག་རྩོམ་དང་བསྒྱུར་རྩོམ། ཀུན་བཟང་འཁོར་ལོ་སོགས་རྩོམ་ལུས་དུ་མ་ཞིག་འདུག་སྟེ། རྩོམ་ལུས་དེ་དག་ཏུ་དྲངས་བའི་བསམ་གཞིག་གི་བསྐྱེད་འབྲས་དེ་དག་ནི་ན་གཞོན་ཞིག་གི་དགའ་ཁ་འཁྱེར་སོ་དང་ཁ་འབྲལ་ཐབས་མེད་ཅིང་།ཁོས་སློབ་གྲྭའི་སྒོ་ཐེམ་བརྒྱུད་ནས་སྐད་ཡིག་གི་གཟི་བྱིན་རྒྱུད་ལ་བླངས་ཤིང་དགའ་སྐྱོ་འཚོ་བའི་གྲུབ་ཆ་རེ་རེ་དབྱངས་གསལ་གྱི་སྲད་བུར་བརྒྱུས་པ་དང་། བོད་རང་གི་འདུ་ཤེས་དང་གོམས་གཤིས་ཀྱིས་བསྐྱེད་པའི་རིག་གནས་ཀྱི་ས་བོན་མ་བོར་བ་གཞི་རུ་བྱས་ཏེ། མི་རིགས་གཞན་དང་སྐད་རིགས་གཞན་གྱི་ལེགས་ཆ་འདེམས་སྒྲིག་ལ་ཡང་འབད་དེ། རྩོམ་རིག་གི་འཇིག་རྟེན་དུ་འཆམ་བསྐྱོད་ཙམ་མིན་པར་རྟོག་ཞིབ་ཏུ་བསྐྱོད་རྒྱུ་དེ་ཤིན་ཏུ་མཛེས་ཤིང་སྐྱིད་དོ།། དེས་ན་རྩོམ་པ་པོ་ཞིག་ལ་མཚོན་ན། མི་ཚེའི་ཕྱིར་རྟོག་དང་དྲན་གདུང་། དགའ་སྐྱོ་ཆགས་སྡང་དང་ཚོར་བ་བདེ་སྡུག་སོགས་སེམས་དང་སེམས་བྱུང་གི་འགྱུ་འཁྲིག་སྣ་ཚོགས་པ་དང་། བྱིས་དུས་དང་ཡུལ་གྱུར་གྱི་འཚོ་བ། ཕ་ཡུལ་དང་སློབ་རའི་ཁོར་ཡུག མཚེར་ས་དང་གྲོང་ཁྱེར་གྱི་འཕེལ་འགྲིབ་སོགས་ཡུལ་དུས་ཀྱི་བྱུང་རིམ་དང་ཆགས་འཇིག་སྣ་ཚོགས་པ། མདོར་ན་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་བྱ་དངོས་ཅི་ཞིག་ཡིན་ཡང་རུང་། སྒྱུ་རྩལ་གྱི་སེམས་ཁམས་ལྡན་པའམ་མཛེས་དཔྱོད་ཀྱི་ལྟ་བ་ལྡན་པའི་རྩོམ་པ་པོ་དག་གིས་དེ་དག་སྒྱུ་རྩལ་དང་མཚོན་ཐབས་ཀྱི་རིགས་པའི་འཕྲུལ་ལ་བསྐྱོན་ཏེ་ཡང་བསྐྱར་ཐེངས་ཤིག་ལོངས་སྤྱོད་གཏོང་ཐུབ་པ་ཡིན་ནོ།། དེས་ན་རྩོམ་རིག་གཞུང་ལུགས་རྣམས་སུ། རྩོམ་རིག་ནི་འཚོ་བའི་བསྡུས་གཟུགས་རེད་ཅེས་ཟེར་དོན་ཡང་དེ་ཡིན་ལ། རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་མཚོན་བྱེད་ཀྱི་མིའི་གཟུགས་འདས་ཀྱི་རིག་པ་ཞིག་ལ་བསྙད་དོན་ཡང་དེ་ལས་མ་མཆིས་སོ།། དེ་ཡང་རྩོམ་རིག་ཅེས་པའི་སྒྲོམ་ཆེན་པོ་འདིའི་ནང་དུ། སྒྲུང་གཏམ་དང་རྩོམ་རིག་དཔྱད་བརྗོད། སྙན་ངག་དང་ལྷུག་རྩོམ་སྟེ་རྩོམ་ཁོག་ཆེན་པོ་བཞི་ཆགས་ཡོད་པའི་ནང་གསེས་སྙན་ངག་དེ་ལ་ཡང་ཚིགས་བཅད་དང་རང་མོས་གཉིས་ཀྱི་རྩོམ་ལུས་མི་འདྲ་བ་གཉིས་མཆིས་པ་ལྟར། ན་གཞོན་རྩོམ་འབྲི་པ་ཁོས་རྩོམ་ལུས་གཉིས་ཆར་ལ་ཚོད་ལྟ་དང་ཉམས་ཚོད་བླངས་འདུག་ཅིང་། ཚིགས་བཅད་དེ་དག་ཀྱང་རང་བྱུང་ཁམས་ཆེན་མོའི་སྣོད་བཅུད་དང་བསྟིམས་ཏེ་ཤུགས་དྲག་པའི་ཚོར་བས་ཟིན་འདུག་ལ། མེས་པོ་གོང་མའི་རྩོམ་སྲོལ་བཟང་པོ་སྟེ་བྱ་དཀའ་བའི་སྙན་ངག་ཀུན་བཟང་འཁོར་ལོ་ཡང་བྲིས་འདུག་པར་མ་ཟད། བོད་ཀྱི་ངག་རིག་གི་རྩལ་ངོམ་སའི་རྩོམ་སྟངས་ཏེ་ཀ་ཕྲེང་ངམ་ཀ་རྩོམ་ཡང་ཤར་མར་འཁྱུག་ཡོད་ཅིང་། སློབ་མ་ཞིག་ཐོག་མར་འབྲི་ཀློག་གི་ལས་ལ་འཇུག་པའི་ཐོག་མའི་རྩོམ་སྟངས་ཏེ་ལྷུག་རྩོམ་ཡང་བྲིས་འདུག ལྷག་ཏུ་ཚོར་བ་དང་འཆར་ཡན་གྱི་རྟོག་པ་འགྱུ་སླ་བའི་རང་མོས་སྙན་ངག་ལ་ཡང་ཚོད་ལྟ་བྱས་འདུག་པ་དང་། ད་དུང་སྐད་ཡིག་གཞན་སྟེང་ནས་རང་སྟེང་དུ་ཐབས་རྩལ་དང་མཚོན་ཐབས་སོགས་འཚོ་བཅུད་གསར་བ་ལེན་བྱེད་ཀྱི་བསྒྱུར་རྩོམ་ཡང་རེ་ཟུང་འདུག་གོ། སྤྱིར་བསྒྱུར་རྩོམ་ལ་འཇུག་པ་ནི། མ་ཕྱིའི་བརྩམས་ཆོས་གནས་པའི་སྐད་ཡིག་གི་ནང་དོན་དང་རྗོད་བྱེད་ཙམ་ལ་ཤེས་རྟོགས་བྱུང་བ་ཙམ་གྱིས་དབང་དུ་མི་ཆུད་པར། ལོ་ཙཱའི་རིག་པ་ཞེས་ཞིབ་ཆ་ལྡན་པའི་སྒོ་ནས་གཟབ་ནན་དང་ཧུར་ཐག་སྒོས་གསར་རྩོམ་དང་ལོ་ཙཱའི་ཐབས་ལམ་ལ་འཇུག་དགོས་པར་མངོན་ནོ།། སྐབས་འདིར་དྲན་སྐུལ་ཞིག་ཞུ་འདོད་པ་ནི། བོད་ཀྱི་སྐད་ཡིག་རང་སྟེང་ནས་རྩོམ་རིག་གི་རྒྱུ་ཆ་དང་ཉམས་མྱོང་ངེས་ཅན་ཞིག་གསོག་འཇོག་མ་ཐུབ་ཚེ་སྐད་ཡིག་གཞན་གྱི་རྩོམ་རིག་ནང་འདྲེན་བྱེད་པའི་ལས་འདི་ལ་ཉེན་ཁ་དང་གཟབ་དགོས་པའི་ཆ་ཤིན་ཏུ་མང་བར་འདུག་ལ། བོད་རང་གི་འདུ་ཤེས་དང་མི་འཚམས་པའི་བརྗོད་བྱ་ཅན་གྱི་རྩོམ་རིག་ཀྱང་མཆིས་པས། བོད་རྩོམ་འབྲི་བའི་ལས་དང་པོ་པ་ཞིག་ལ་མཚོན་ན་ལོ་ཙཱའི་གསར་རྩོམ་ནི་ལག་སྔ་བྱེད་མི་རུང་བར་སྐད་བརྡ་རིག་པ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བྱང་ཆ་ངེས་པར་ཡོད་དགོས་པ་སོགས་ཐུགས་འཛིན་གནང་དགོས་སོ།། རིག་གནས་གང་ཞིག་ཡིན་རུང་ཤེས་རབ་དང་བརྩོན་འགྲུས་ནི་གཤོག་པ་གཡས་གཡོན་ལྟར་མཁའ་ལ་འཕུར་བྱེད་ཀྱི་མེད་དུ་མི་རུང་བའི་རྐྱེན་དུ་གྱུར་ཡོད་པས། ཐང་ལྷོད་དང་ཨ་གསར་མེད་པར་ཤེས་བརྩོན་ཟུང་འཇུག་བྱས་ཏེ་རྩོམ་རིག་གི་ཞིང་ས་རུ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ལྗང་མྱུག་རེ་འདེབས་ཐུབ་པར་སྨོན་ཞེས་བརྗོད་ན་འདོད་བྱུང་། ན་གཞོན་ཞིག་གིས་འདི་ལྟར་རྩོམ་རིག་ལ་དགའ་ཞིང་དུངས་བའི་དབང་གིས་འབད་བརྩོན་གནང་བ་ནི་མ་འོངས་པར་རྩོམ་རིག་གི་ལམ་ཁ་ཡངས་པའི་རྟེན་འབྲེལ་དུའང་བསམ་ཡོད་ཅིང་། སྙིང་རུས་ཅན་ཞིག་གི་སྨྱུག་ཁ་ན་སྒྱུ་རྩལ་གྱི་སྙིང་པོ་ཡོད་ཅེས་པ་དང་བར་ཐག་མེད་པའི་ཡིད་ཆེས་ཀྱང་མཐའ་སྐྱེལ་བྱ་ངེས་སོ།། སྤྱིར་རྩོམ་ལུས་གཅིག་ལ་ཕུར་ཚུགས་སུ་འབད་ན་གྲུབ་འབྲས་འབྱུང་སླ་ཞེས་པ་ལྟར། བོད་ཀྱི་རྩོམ་པ་པོའི་སྡེ་ཁག་ན་མི་ལོ་སུམ་ཅུའི་ཡུན་ལ་སྒྲུང་གཏམ་ཁོ་ན་བྲིས་པའི་རྩོམ་པ་པོ་ཡང་ཡོད་ལ། དེ་བཞིན་རྩོམ་རིག་དཔྱད་བརྗོད་དང་རང་མོས་སྙན་ངག་རྐྱང་བ་བྲིས་དང་འབྲི་བཞིན་པའི་རྩོམ་པ་པོ་དང་སྙན་ངག་པའང་བདོག མ་ཟད་ལྷུག་རྩོམ་འབའ་ཞིག་ལ་གཞོལ་བཞིན་པའི་རྩོམ་པ་པོ་ཡང་རེ་ཟུང་མཆིས། ཡིན་ན་ཡང་། རང་རེའི་རྩོམ་སྟེགས་སུ་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་འདྲ་མཉམ་དུ་བྲིས་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་པའི་སྙན་ངག་པའང་མེད་པ་མ་ཡིན་ཏེ། འཇུ་སྐལ་བཟང་། གཅན་རང་སད། ལྡོང་ཆུ་ཤེལ། རོང་བོ་དགེ་འདུན་ལྷུན་གྲུབ་སོགས་ཀྱིས་མཚོན་ནོ།། དེས་ན་རྩོམ་པ་པོ་སུ་ཞིག་ཡིན་ཡང་རུང་རྩོམ་ལུས་གང་ཞིག་ལ་འཇུག་པ་དང་གྲངས་དུ་ལ་འཇུག་པ་ནི་སྒེར་གྱི་བསམ་ཚུལ་ལྟར་འགྲོ་ཆོག་ཅིང་རང་གི་འདོད་ཚུལ་བཞིན་སྤེལ་ནའང་འགྲིག་མོད། རྩོམ་རིག་ལ་བློ་དཀར་གཞུང་དྲང་གིས་འཇུག་དགོས་པ་ནི་རྩ་བའི་ཆ་རྐྱེན་དུ་བསམ་དགོས་སོ།། མཇུག་མཐར་ཞུ་འདོད་པ་ནི། ན་གཞོན་རྩོམ་འབྲི་པ་ངེས་དོན་གྱི་བརྩམས་ཆོས་ཀྱི་དེབ་ཐོག་མ་སྟེ《ལམ་གྱི་ལེའུ》ཞེས་པ་འདི་ཉིད་ནི། ན་གཞོན་རྩོམ་འབྲི་པ་ཁོ་རྩོམ་རིག་གི་ལམ་པོ་ཆེར་གསར་དུ་ཞུགས་པའི་ལེའུ་དང་པོ་དེ་ཡིན་པས། ཁོའི་བརྩམས་ཆོས་ཀྱི་སྲོག་ཏུ་བསྐྱིལ་བའི་ཚོར་འདུའི་རྒྱ་མཚོ་དྲག་ཏུ་སྐྱོམ་པའི་རླབས་ཕྲན་རེ་རེ་ཡིས། གཞོན་སྐྱེས་ཁོང་གི་ནང་གི་རེ་འདོད་ཕྱི་རུ་མངོན་པ་དང་ཆབས་ཅིག རྩོམ་རིག་གི་ལམ་ནས་སྐད་ཡིག་དང་སྒྱུ་རྩལ་ཟུང་དུ་བསྡེབས་ཏེ་རིན་ཐང་ལྟ་ཚུལ་ལ་མཛེས་དཔྱོད་ལྟ་ཚུལ་གྱིས་རྒྱས་སྤྲོས་བྱས་པའི་མཚར་སྡུག་བླ་ན་མེད་པ་ཞིག་གི་བརྒྱུད་ལམ་དེད་ནས་ཀློག་པ་པོ་དག་གི་སྐོམ་སྲེད་ཀྱི་གདུང་བ་རྨེག་མེད་དུ་གཞོམ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*