སྐད་དེ་གོ་མྱངས་ཤིག་རེད།

                                            གཡུ། ཉག་རོང་།

སྐྱེ་བ་ཕྱི་མའི་ཕྱི་ཆ་ཞིག་རེད།།
ས་སྲོད་དེ་ཡི་ཚུར་ངོགས་ཤིག་རེད།།
མུན་པས་འཇབ་རྒོལ་བྱེད་དུས་ཤིག་རེད།།
སྤྲིན་དང་སྨུག་པ་འཐིབས་དུས་ཤིག་རེད།།
ཕལ་ཆེར་སྟོན་དགུན་གཉིས་ཀྱི་མཚམས་རེད།།
གློག་དང་དྲ་བ་མེད་དུས་ཤིག་ཡིན།།
ཟླ་འོད་མེད་པའི་དགོང་མོ་ཞིག་ཡིན།།
རླུང་དང་སེར་བུ་ཆེ་དུས་ཤིག་རེད།།
སྒོ་ཁའི་ལྕགས་ཟྭ་ཁྲོག་ཁྲོག་འགུལ་གི །
ཐུན་མཚམས་རྨི་ལམ་ཟ་ཟི་འཁྲིགས་བྱུང་།།
ཏིང་འཛིན་གཉིད་ལས་ཐོལ་གྱི་དཀྲོགས་བྱུང་།།
མགོ་བོ་ཡར་དགྱེ་ཀི་རིང་བཏབ་ནས།།
སིདྷི་སྒྲོལ་བསྙེན་ཅི་མང་བཟླས་ཡོད།།
ཐག་ཉེ་ཀུན་དུ་ཁྱི་སྐད་ལྷང་ལྷང་།།
ཚོད་ཚོད་ཚོད་ལ་ཝ་ཡང་བརྒྱལ་གི །
སླར་ཡང་རྣ་བ་གཏད་ནས་མཉན་ན།།
ཐག་ཉེ་ཞིག་ནས་རྟ་ཞིག་འཚེར་འདྲ།།
རྟ་དེས་སྣ་སྦྲིད་ཡང་ཡང་བྱེད་འདྲ།།
རླུང་གིས་ཡོབ་གཡོས་ཡོབ་སྒྲ་ཏིང་ཏིང་།།
སླར་ཡང་མཉན་ན་སྒོ་ཁ་དེ་ནས།།
མིང་ནས་བཟུང་སྟེ་བོས་པ་ཚོར་བྱུང་།།
སྐད་དེ་མཉན་ན་གོ་མྱངས་ཡོད་འདྲ།།
འདི་རེད་ཟེར་ནས་ཚོད་ཀྱིས་མི་ཐིག །
ཕྱི་རུ་རླུང་དང་སེར་བུ་རྒོད་པས།།
ཅི་ཟེར་ཚིག་འབྲུ་ལར་ནས་མི་གོ །
ལྟ་རུ་འགྲོ་ཟེར་དཔའ་གདེང་མི་འདུག །
རྟ་ཞོན་ཞིག་གིས་བཙལ་དོན་མེད་འདྲ།།
ལྟ་རུ་མི་འགྲོ་ཞེ་བློ་མི་བདེ།།
སྐད་དེ་གོ་མྱངས་གོ་མྱངས་ཤིག་རེད།།
ད་ནི་ཅི་བྱ་འགྲོ་དང་མི་འགྲོ །
སྔས་མགོ་རུམ་ནས་ཉལ་ན་བདེ་འམ།།
ཅི་གང་བྱུང་ཡང་ལྟ་རུ་སོང་ན།།
ཤི་གསོན་བར་གྱི་འབྲེལ་འདྲིས་ཡིན་ནམ།།
བླ་ནི་མ་བདེ་འཁྱམས་ནས་ཡོང་ངམ།།
ཞེན་ཆགས་ཕྱིར་མིག་གསོན་ལ་ཐོགས་སམ།།
ད་ནི་གཉིད་རྒྱུ་ཡུར་ནས་བོར་ཏེ།།
འདང་རྒྱག་ཞིག་གི་ནང་དུ་ཚུད་ཐལ།།

༢༠༢༡ ༡༡ ༢༤

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*