ཚངས་སྲས་ངག་གི་དཔལ་མོ།

                                   ཁྲག་གདོང་། དཀར་མཛེས།

འཛུམ་དཀར་གཡོ་བའི་ཞལ་གྱི་པད་མོ་ལས།།
ཟག་མེད་དབྱངས་ཀྱིས་ངག་སྙན་གང་སྨྲ་ཡང་།།
ཆགས་ཐོགས་བྲལ་བ་ཚངས་པའི་ལྷ་མོ་ཁྱེད།།
སྒྱུ་འཕྲུལ་རྫོགས་པའི་ངག་རིག་ལོངས་སུ་སྤྱོད།།
དབྱངས་ལ་སྦྱར་བའི་མ་ངེས་དྲན་གཞུང་གིས།།
སྣང་བ་བཏེགས་ཏེ་ལས་འཕྲོའི་འཛུམ་པ་ལ།།
བཅོས་མིན་བདེ་བ་དབྱངས་སུ་ལྷུང་བའི་དུས།།
འཕགས་མ་མཆོག་ཉིད་ཡིད་དུ་སླར་ཡང་དགྱེས།།
སེམས་པའི་གཏིང་དུ་སྨྲ་བརྗོད་རང་དབང་ཡང་།།
ངག་སྙན་གསོན་པོས་སྒྱུ་འཕྲུལ་མཐའ་ཡས་ཀྱང་།།
རྟོག་བཏགས་བྲལ་བ་ཡིད་དུ་ལྷང་ལྷང་གྲགས།།
གྲགས་པའི་རོལ་མོ་ཡིད་འོང་སྣ་བརྒྱ་འཛོམས།།
འཛོམས་པའི་ནམ་ཟླས་སྙིང་པོའི་ནམ་ཟླ་འཚོལ།།
ལས་སྐལ་སྟོང་དང་རྣམ་སྨིན་བརྒྱ་ཡིས་རྫོགས།།
ཨེ་མ་རྨད་བྱུང་སྣང་བའི་ལན་ཆགས་འཕྲོས།།
བསིལ་བ་བཅས་ཏེ་སེམས་ཀྱི་དབུས་སུ་ཐོགས།།
འཆར་ཡན་ཚོགས་སུ་ལས་སྨོན་ཀུན་དགའ་བ།།
སྙིང་པོ་འཛོམས་པའི་ཡང་སྙིང་འབྱམས་ཀླས་པ།།
འཚོ་བའི་གཞུང་ནས་དྲན་པའི་གཏིང་དུ་ཆགས།།
ཞེན་ཆགས་ཟད་པ་འདོད་ཡོན་ཡོངས་སུ་སྤངས།།
ཉམས་འགྱུར་རེ་རེས་སྣང་ཚུལ་གང་བྱུང་མཚོན།།
སྨྲ་བརྗོད་ཚོགས་ཀྱིས་ལྷིང་འཇགས་རིང་མོ་ལ།།
དབྱངས་ཀྱི་འགྲོས་ཤིག་ནང་སེམས་ཀློང་དུ་རྡོལ།།
མཛེས་སྡུག་བཀོད་པ་སྣ་ཚོགས་མེ་ལོང་ལས།།
ངག་གི་རླབས་མཚོ་དབྱངས་ཀྱི་ལྷ་ལ་བཏེགས།།
སེམས་བསྐྱེད་རིང་མོ་སྣང་བའི་ལན་ཆགས་ལྟར།།
འཛུམ་གྱི་མེ་ཏོག་ནང་སེམས་གཏིང་དུ་ཆགས།།
རྨད་བྱུང་ལང་ཚོར་སྤྲོས་པ་གཟོད་ནས་བྲལ།།
སྙིང་དུ་བཞུགས་ཤིང་འཕགས་མ་གང་ཉིད་ཁྱེད།།
དམ་པའི་ཚིག་གི་དཔལ་ངར་མྱུར་སྩོལ་མཆོག།
ཨེ་མ་ཧོ་ཞེས་མཆོད་བསྔགས་ཡངས་པའི་ཚིག།
མཆོད་ཡོན་ཚབ་ཏུ་རྣམ་དག་སེམས་ཀྱིས་ཕུལ།།

                      2021/8/28 མཚན་མོར།

མཚན་མོའི་ཆིག་ལབ་ཐུང་ཐུང་།

མག་མོག་སྡིག་པའི་མེ་ཏོག་རང་དུ་བྱུང་།།
སྐར་མའི་གོ་རིམ་ཁྲོད་ནས་སུ་ཞིག་དྲན།།
དྲན་པའི་གཞུང་དུ་ཆགས་པ་སྨྲ་བའི་གཞི།།
གླེང་དང་མོལ་བ་མེད་པའི་མཚན་མོ་རུ།།
འཕྲིན་དང་སྐད་ལན་བྲལ་བའི་ཞག་དེ་ལ།།
ཉམ་ངའི་ཚིག་འབྲུ་རེ་འགའ་ང་ཡིས་ཚོར།།
ཚོར་བའི་གཏིང་དུ་ཉུལ་བ་ལན་འདི་ལ།།
མ་ཆགས་མ་སྡང་ངང་དུ་ཡིད་ཀྱིས་རེག།
འདི་ནི་ཐོལ་བྱུང་མིན་ལ་འགོ་རྔ་རིང་།།
ཐ་རེ་ཐོ་རེ་མིན་པའི་བརྗོད་གཞི་ཚོགས།།
ཆིག་ལབ་ཚིག་གི་དབུས་སུ་གླེང་སླ་བས།།
ཡིད་ཀྱི་འདང་ལ་འཁྲེང་པ་ངང་གིས་ཤེས།།
མཐའ་མེད་ཡིག་འབྲུ་ནང་དུ་ཅི་ཞིག་སྟེ།།
ལས་ཀྱི་བག་ཐག་སྦྲེལ་བའི་དར་སྐུད་ཀྱང་།།
ཕྲ་མོ་ལས་སྨོན་གཉིས་ཀྱི་རང་བཞིན་ཡིན།།
དེ་བས་ཚོར་འདུ་མེ་ལོང་ཤིན་ཏུ་གསལ།།
ལས་ཀྱི་སྐལ་བ་རང་འགྲིག་ཕྲན་དང་ཉེ།།
ཞེ་ཡི་གཞུང་དུ་ཆགས་པ་ཉམས་ཀྱི་མགུར།།
རྫུན་པའི་བཟོ་ལྟ་དབེན་པ་ངག་ཏུ་ཐོགས།།
མ་བཅོས་ངང་ཚུལ་ཀློང་དུ་དྲོད་ཀྱིས་ཟིན།།
འཚོ་བའི་འདུ་འབྲལ་ཁྲོད་ལ་བདག་ཁོ་ནས།།
ཆིག་ལབ་ཁྲི་མ་འབུམ་ཞིག་ངང་གིས་ཤོར།།
སེམས་ཚོར་དཔག་མེད་དེ་རུ་དགའ་སྐྱོ་ཟུང་།།
ཡིད་ཀྱིས་འཐག་གིན་འགྲོ་བ་སླར་ཡང་དུ།།
སྣང་བ་ཐ་ནེ་ཐུན་ནེའི་ལས་འཕྲོ་ཡོངས།།
སྒྱུ་མའི་སྟངས་ཀ་ཇི་བཞིན་གློ་བུར་ངང་།།
ཚོར་བའི་ཡིད་འགྱུར་དེ་དག་སྐད་ཅིག་མ།།
སྙིང་ལ་སིམ་གདུང་བར་མའི་ཚོར་བ་བྱུང་།།
ཚོར་བའི་ལས་སྐལ་ནང་དུ་མ་བཅོས་པ།།
སྣང་བ་བརྒྱ་ཕྲག་བརྒལ་བའི་ངག་སྨྲ་ཞིག།
མཚན་མོའི་ཆིག་ལབ་ཚུལ་དུ་ང་ལ་དབང་།།
རྟོག་བཏགས་ཡེ་ནས་བོར་བ་ང་དང་ཉེ།།
གཅིག་འཕྲོ་གཅིག་གིས་ཟིན་པ་ལན་འདི་ལ།།
མནོ་བསམ་མི་འདྲ་མི་གཅིག་ཆིག་སྟོང་ལྷག།
རང་བྱུང་འཚོ་བའི་གཞུང་དུ་ཡིད་འོང་སྙམ།།
མཚན་མོའི་རྒྱུ་སྐར་འོག་ནས་ཆིག་ལབ་ཤོར།།

2021/9/11

སེམས་ཚོར་དབུས་ཀྱི་གར་མ།

                                  ཁྲག་གདོང་། དཀར་མཛེས།

ཉམས་འགྱུར་འཚོ་བའི་གན་དུ་སྨྲ་བ་ཚོགས།།
སྨོན་ལམ་སྟོང་གིས་མཚོན་པ་མ་བྱུང་ཡང་།།
ལས་སྐལ་རང་འགྲིག་གཅིག་གི་བར་ཐག་ཏུ།།
ངག་ཏུ་ཐོགས་པའི་ཡིད་འོང་བརྒྱ་ཕྲག་གཅིག།
ནང་སེམས་བརྩེ་བས་བརླན་ཞིང་ཞི་བའི་ངག།
མ་ཐོགས་རྒྱང་རིང་འཁྲིགས་སུ་དལ་བུར་རྒྱུད།།

རང་བྱུང་སྟབས་ཀའི་ཁྲོད་དུ་ནང་སེམས་འདི།།
ཆགས་མེད་ལས་ཀྱི་སྐུད་པས་དམ་དུ་སྦྲེལ།།
སྒྱུ་འཕྲུལ་སྣ་ཚོགས་བཏབ་པའི་ལས་སྣང་དུ།།
ཡིད་འོང་སྨོན་ལམ་ཚོགས་ཀྱི་རང་བཞིན་གསལ།།
རྟོག་བཏགས་བྲལ་བའི་ཚིག་ལ་མེ་ཏོག་འཚང་།།
ཞལ་འཛུམ་བརྩེ་བའི་ཉམས་ཀྱང་སྙིང་ལ་ཡག།

སིལ་མའི་ངག་དབང་གང་ཞིག་གློ་བུར་ངང་།།
ལ་ཁའི་སྨུག་མདངས་ཇི་བཞིན་ཡག་ལེ་བྱུང་།།
བཅོས་མིན་གཞིས་ཀ་དེ་ལ་ལྷད་མེད་པའི།།
ཉམས་འགྱུར་ལས་སྐལ་ནང་གི་པད་མའི་ཚལ།།
ཟླ་བའི་འོད་རླབས་ཕོག་དུས་དཀར་ཞིང་གཙང་།།
གཞས་ཆུང་ཐུང་ཐུང་ནང་གི་བརྗོད་བྱའི་ཚོགས།།

ཚོར་བྱུང་རླབས་རིས་གཙང་མ་སྙིང་དུ་སྡུག།
རྨད་བྱུང་དབྱངས་ཀྱི་འགྲོས་ལ་སྣང་བ་ཆགས།།
གཡུ་ཆུང་ཟླ་བ་ལྷ་མོའི་འཁྲབ་གཞུང་ལས།།
གར་མ་ཆིག་སྟོང་ལྷག་གིས་མཛེས་པ་དཔྱངས།།
སྙིང་ལ་དཀར་དམར་ཟུང་གི་ཚོར་བ་བྱུང་།།
ཚོར་བའི་རླབས་ཀྱི་མེ་ཏོག་སེམས་སུ་བཞད།།

2021/9/17/

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*