རྒྱལ་ཁམས་རིག་པས་སྐོར་བའི་རས་པ།

                                              གྱིན་འདའ་བ།

རིག་པ་གཉིད་ལས་སངས་པའི་བསམ་བློ་སྟེ།།
རང་བློ་རིག་པའི་རལ་གྲི་བརྡར་བཞིན་དུ།།
གཞན་བློ་དོག་པའི་མིག་རྒྱང་དཀྱེལ་བསྲིངས་ནས།།
ཆོས་རར་ཡུན་གྱིས་འགྲིམ་པའི་སློབ་གཉེར་བ།།
དགེ་འདུན་ཆོས་འཕེལ་དུས་ཀྱི་ཅོང་བརྡ་རེད།།

བསམ་བློའི་རྨི་ལམ་སྟུག་པོའི་མཁར་རྫོང་ནས།།
བདེན་དོན་ལུགས་ཀྱི་སྒལ་ཚིགས་སྲུང་བཞིན་དུ།།
རིག་པའི་རྣམ་དཔྱོད་གཏིང་ནས་སློག་པ་སྟེ།།
རིགས་ཞེན་ཁོག་ཏུ་འཁྱིལ་བའི་གདོང་དམར་བ།།
དགེ་འདུན་ཆོས་འཕེལ་གངས་ཀྱི་སེངྒེ་རེད།།

ཧ་ཅང་གུ་དོག་ཡིན་པའི་ཁོར་ཡུག་ནས།།
རྨོངས་དད་གཡམ་རྒྱུག་ལྟ་བས་མ་གཅུན་ཞིང་།།
ཞེན་ཁོག་གྲུབ་མཐའི་འཐེན་འཁྱེར་རྒྱང་བསེད་ནས།།
བདེན་པའི་བཤུལ་ལམ་སྙེག་པའི་རྟོགས་སད་པ།།
དགེ་འདུན་ཆོས་འཕེལ་རིག་པ་རང་གྲོལ་རེད།།

གཟར་བའི་རི་བྲག་རྐང་བའི་འགྲོས་ཀྱིས་བཅད།།
ལྷོ་ལམ་བྱེ་ཐང་ཞབས་རྗེན་མཐར་གྱིས་བརྒལ།།
བྱེས་ཀྱི་ལམ་རྒྱགས་མེད་པའི་འགྲུལ་བཞུད་དེ།།
རིག་པའི་ཁྲེས་པོ་ཐོགས་པའི་རྒྱལ་ཁམས་པ།།
དགེ་འདུན་ཆོས་འཕེལ་སྙིང་སྟོབས་གསོན་པོ་རེད།།

རྒྱ་གར་ཡུལ་དང་ཁ་ཆེ་ལི་སོགས་ནས།།
ཐུན་མོང་ཐུན་མིན་སྲོལ་རྒྱུན་རིག་གནས་སོགས།།
བྱུང་འཕེལ་ལོ་རྒྱུས་རེག་ཟིག་བཀོད་པ་པོ།།
ཡར་གླིང་ཕྱོགས་བཞིར་ཉུལ་བའི་ཞིབ་འཇུག་པ།།
དགེ་འདུན་ཆོས་འཕེལ་རིག་པའི་དཔའ་བོ་རེད།།

བདེན་དོན་བསླབ་བྱའི་ཚིག་དེ་གནད་ཁེལ་ཞིང་།།
དཔྱད་པའི་ལོ་རྒྱུས་གཞུང་ལ་ཁོངས་བཙུན་པ།།
བྲིས་པའི་སྙན་ཚིག་མདངས་དེ་རོ་མངར་བའི།།
གཏམ་རྒྱུད་གསེར་ཐང་ལ་སོགས་རྩོམ་པ་པོ།།
དགེ་འདུན་ཆོས་འཕེལ་ཤེས་བྱ་ཀུན་ཁྱབ་རེད།།

ལེགས་བཤད་ཐམ་ལག་མཛོད་ཀྱིས་པོ་ཏི་བཞེངས།།
དེབ་ཐེར་དཀར་པོས་འགོས་སོགས་ཕམ་བྱས་ནས།།
འདོད་བསྟན་ཚིག་གིས་མི་ཕམ་མནལ་ཕབ་སྟེ།།
ཀླུ་སྒྲུབ་དགོངས་རྒྱན་ལ་སོགས་རྩོམ་པ་པོ།།
དགེ་འདུན་ཆོས་འཕེལ་སྙན་ངག་མཁན་པོ་རེད།།

ཕྱོགས་བཞི་འབངས་སུ་བཀུག་པའི་མངའ་ཐང་དང་།།
རྗེ་བོར་ནང་དུག་བཀྲོངས་བའི་ཕམ་ཉེས་ཏེ།།
འདས་དོན་ཁྲག་གིས་བསྐྱལ་བའི་ལོ་ཟླ་སོགས།།
ཡིག་རྙིང་པོ་ཏིའི་གསེང་གི་ལོ་རྒྱུས་པ།།
དགེ་འདུན་ཆོས་འཕེལ་བོད་ཀྱི་རྡོ་རིང་རེད།།

བཀའ་ཤག་ཚོགས་ཀྱི་ཀླན་ཀའི་སྙོན་འཛུགས་དང་།།
སྡེ་བ་གཞུང་གིས་དོགས་སེམས་མདའ་མོ་དེས།།
རིགས་གཞུང་མཆོད་སྟེགས་སྟེང་གི་བཻཌཱུ་ཡ།།
སྲིད་ན་དཀོན་པའི་རིན་ཐང་མ་རྟོགས་པས།།
ས་ལ་བརྡབས་པས་ཕངས་སེམས་ཡང་ཡང་ཤོར།།
                                                          2021.10. 19

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*