ལྷ་མོའི་ཡལ་འདབ།

                            ཐོར་བུ།(དཀར་མཛེས།)

མཚོ་སྟེང་པདྨ་འགུལ་བ་ཡིས།།
ཏིང་འཛིན་གཉིད་ལས་སད་པ་ཡི།།
དད་པའི་སྒེག་མོ་དབྱངས་ཅན་མ།།
ཡིད་ཀྱི་ཁྲུས་རྫིང་ལ་ཞུགས་དུས།།
ནང་གི་སྙན་ངག་མངོན་པར་མཛད།།
སྙན་ངག་ཡུམ་གྱུར་ཤེས་རབ་མའི།།
ཞལ་ཀྱི་དཀྱིལ་དུ་བུང་བ་སྟེ།།
བདག་མིག་རྟག་ཏུ་འཁོར་འཁོར་ནས།།
ད་ནི་གཉིད་ཀྱང་སེམས་སུ་འཆར།།

ཚངས་མའི་སྲས་མོར་གྲགས་པ་ཡི།།
ཁྱོད་གདོང་ཚངས་པ་ལས་ཀྱང་མཛེས།།
ཀེམ་ཀེམ་མིག་དེས་ཀུན་བཟི་མ།།
སྨྲ་བ་ངག་གིས་མ་ཟིན་པའི།།
སྙན་ངག་གླེ་འུའི་སྣང་བརྙན་དེ།།
ཡིད་ཀྱི་ཟོམ་དུ་ཁྱོད་ཀྱིས་ཕོབ།།

ཆུ་སྐྱེས་པདྨ་ཆུ་ལས་འཛུམ།།
མེ་ཏོག་ལས་ནི་ཀུ་མུད་འཛུམ།།
སྟོན་གྱི་ཟླ་ལས་དཀར་བ་ཡི།།
ཁྱོད་ཉིད་ཁྲོ་ཡང་འཛུམ་པ་བཞིན།།
ཡིད་ཀྱི་གཏིང་དུ་ཆར་བཞིན་འཇམ།།

སྙན་ངག་སྒྲོམ་གྱི་བྱུར་ཆུང་སྟེ།།
ཁྱོད་ཀྱི་སྟངས་སྟབས་ཙམ་གྱིས་ཀྱང་།།
ནང་སེམས་སྒྱུ་མའི་རི་དྭགས་ཚོགས།།
སེང་གེའི་སྒྲ་ཡིས་བསྐྲད་མཛད་མ།།
བདག་འཛིན་འཆིང་ཐག་ད་ཆོད་ཅིག།

སྒྱུ་འཕྲུལ་ཉམས་དགའི་རྩེད་འཇོ་ལས།།
སྒྱུ་མའི་བུ་མོར་སྣང་བ་ཡི།།
སྒྱུ་མའི་རང་བཞིན་དབྱངས་ཅན་མ།།
སྒྱུ་མའི་དུད་པ་ད་སོལ་ཅིག།

ནང་སེམས་མཁའ་ཡི་ངོ་བོ་རུ།།
ཁྱོད་ཀྱི་འཇའ་ཚོན་རྟག་ཏུ་ཤར།།
བདག་གིས་བློ་སེམས་ནམ་མཁའ་བཞིན།།
ཤེས་བྱ་ཀུན་ལ་ཁྱབ་ཏུ་ཆུགས།།
ལྷ་རྣམ་ཀུན་འདུས་དབྱངས་ཅན་མ།།

ཡལ་འདབ་ཉེར་དགུ་བ་ལྷ་མོའི་ཡལ་འདབ། ༢༠༢༡ ༡༠ ༢༤

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*