མེ་ཏོག་རྐང་གཅིག

                                      ཁམས•རིགས་གཙང་ལྷ་གྲོལ། (དཀར་མཛེས)

གཞིས་ཀྱི་ར་བར་སྐྱེས་པའི་མེ་ཏོག་རྐང་གཅིག
སྤང་གི་ཐང་མར་གང་དགར་བཞད་པའི་མེ་ཏོག་ཅིག་མིན་ན་ཡང
ཟུམ་པའི་གདོང་ཞལ་གྲོལ་ཞིང
ལོ་ཟླ་འཁོར་མོའི་འདས་དོན་སྦྲུམ་དུས
ཧང་སང་ཞིང་ཧི་མ་ལ་ཡའི་མཐོངས་ངོགས་སྟོང་པ་དེའི་རྟོད་དུ་ཐོགས་འགྲོ

སེར་ཆུའི་དྲག་རྡུང་ཐེབས་པའི་མེ་ཏོག་རྐང་གཅིག
བཙའ་ཡིས་ཟིན་པའི་ཅོང་རྙིང་བཞིན་གང་སར་ཉུལ་བ་ཞིག་མིན་ན་ཡང
རྡོག་བརྫིས་ལ་གཞའ་རུ་མེད་ཅིང
མཆོད་ཁྲིའི་མདུན་དུ་ཤོམ་ར་ངོམ་དུས
ཞེ་ཞི་ཞིང་འཇམ་ལ་ལྷོད་པའི་དབེན་པ་ཞིག་གི་རྟ་བདུན་བསྟན་ཡོང་།

འདའ་ཁའི་ཉི་འོད་ཀྱིས་འཚེ་བའི་མེ་ཏོག་རྐང་གཅིག
རླུང་རྩེ་ན་འཕྱོ་བའི་དར་ལྕོག་ཁ་གང་མིན་ན་ཡང
ཕྱིར་ལྡོག་མེད་པའི་མདངས་ཀྱི་གཏིང་རིང་ཚུགས་ཤིང
འདབ་གཤོག་ན་ཁྲོམ་མེར་བརྡལ་བའི་ཟེའུ་འབྲུ་རུམ་དུས
བླ་ན་མཐོ་བའི་དཀོན་མཆོག་གི་ཐུགས་རྗེས་གཟིགས་ཡོང་།

སྙིང་གི་ནོམ་པར་འབུས་པའི་མེ་ཏོག་རྐང་གཅིག
འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་མིན་ན་ཡང
ཁོ་ལག་རྫོགས་པའི་ཡུ་བའི་རྟིང་པ་བརྟན་ཞིང
རྐང་པ་གཅིག་གིས་ཡར་འགྲེངས་ཏེ་སྒེའུ་ཁུང་ནས་ཨ་ལན་ལྡོན་ཚེ
མོལ་མི་ཚར་བའི་བརྗོད་སྙིང་མཐའ་དག་བྱོ་བར་བྱས་སོང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*