ལྷ་གཅིག་དབྱངས་ཅན་མགུར་མ།

                                         ཐོར་བུ།(དཀར་མཛེས།)


གནས་ཡིད་འོང་ལྗོན་ཤིང་མང་ས་ན།།
བྱ་སྐད་སྙན་སྣ་ཚོགས་ཡར་མར་འཕུར།།
མཚོ་མདངས་ལྡན་གནམ་སྔོན་མེ་ལོང་སྟེང་།།
གདན་བཟང་བོའི་འདབ་མ་བརྒྱ་གྲོལ་སྟེང་།།
སྐུ་ཟླ་བའི་མདོག་ཅན་དབྱངས་ཅན་མས།།
ཕྱག་པི་ཝང་དཀྲོལ་གྱིན་གླུ་ལེན་པར།།
ངས་དད་པའི་མེ་ཏོག་དཀར་དམར་པོའི་ཚོམས།།
སེམས་ལག་པས་བསྐྱོར་ཏེ་འབུལ་ལགས་ན།།
ཞལ་མིག་འཛུམ་གཡོ་བཞིན་བཞེས་སུ་གསོལ།།
ངའི་སེམས་ཀྱི་གཏེར་གྱི་སྒོ་ཕྱེས་ཏེ།།
ཆོས་དབུ་མ་རང་ངོ་སྤྲོད་པ་དང་།།
ངག་རྩ་མདུད་ཤིགས་ལ་ཁྱོད་རང་མཁྱེན།།


ངག་བྱིན་རླབས་འབར་བའི་དབྱངས་ཅན་མ།།
བྲང་ནུ་འབུར་ཅུང་ཙམ་དུད་པ་མཛེས།།
མིག་ཁྲ་ཆུང་འཛུམ་པ་དེ་ལས་མཛེས།།
ངག་ཆོས་གླུ་ལེན་གྱིན་མི་འབྲལ་བར།།
སེམས་དད་པའི་སྡོང་པོར་བཞུགས་སུ་གསོལ།།


ཆོས་དགའ་སྟོན་སྤེལ་བའི་ཆོ་ག་མཁན།།
ཐུགས་སྙིང་རྗེའི་ཆུ་གཏེར་རྟག་འཇོ་མ།།
བདག་ནང་བ་ཚང་གི་ལྷ་ཡིན་ལ།།
ཁྱོད་ཕྱི་བ་ཚང་གི་མགོན་ཀྱང་ལགས།།
ངའི་སྦྱིལ་བུ་རྡོ་ཡི་མདངས་ལྡན་དུ།།
མཚམས་བར་མེད་སྙན་ངག་འཕུར་ཞིང་ལྡང་།།
དེ་དབྱངས་ཅན་ཁྱོད་ཀྱི་བྱིན་རླབས་ཏེ།།
ཆར་ང་ལ་འཇོ་བའི་དན་རྟགས་ཉིད།།


སེམས་ཁྱོད་ལ་དད་པའི་ང་འདྲ་བར།།
ཚིག་སྙན་ཆའི་ཆ་ལང་རྡུང་བ་དང་།།
འཕྲད་རྣམ་དབྱེའི་ཚོགས་ལ་དབང་བསྒྱུར་ཞིང་།།
མིང་མངོན་བརྗོད་ཚོ་ལ་ཁ་ལོ་བསྒྱུར།།
དེ་མིན་པའི་སྡེབ་སྦྱོར་ལ་ཡང་མཁས།།
གང་སྣང་བ་སྙན་ངག་འཕྲེང་བར་སྤེལ།།
གང་སྟོང་བ་གཞི་མེད་ཆེན་པོ་དང་།།
གང་སྣང་བ་འགག་མེད་ཤར་བ་གཉིས།།
གནད་ཟུང་དུ་འཇུག་ཚུལ་རྟོགས་པ་ལ།།
མགོན་ཁྱོད་མཁྱེན་ཐུགས་རྗེ་འོད་དཀར་མ།།

2021/8/17

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*