གཟུངས་མའི་རབ་བྱེད།

                                      བསྟན་འཛིན་སྙན་གྲགས།

༈ རབ་བྱེད་དང་པོ།

ཀྱེ་གཟུངས་མ་འཇོ་སྒེག་རང་འབར་མ།།
ཁྱོད་གནམ་གྱི་ཀ་བ་ཡིན་ཁུལ་བྱོས།།
ང་ཀ་བའི་ཀ་གདན་ཡིན་ཁུལ་བྱེད།།
དཔེ་དེ་བཞིན་གནམ་གྱི་རྒྱལ་མོ་བྱོས།།
ངས་འུ་གཉིས་མཇལ་བའི་ལས་སྐལ་ཞུ།།
ཡང་ང་ནི་བས་མཐའི་སྒོམ་ཆེན་བྱེད།།
ཁྱོད་སེམས་ཀྱི་ཏིང་འཛིན་ཡིན་ཁུལ་གྱིས།།
ངས་རྩེ་གཅིག་ཡིད་ཀྱིས་ཡང་ཡང་བསྒོམ།།
མཐར་ཕྱིན་ན་ངའི་སེམས་ཁྱོད་བདག་བྱོས།།
ཡང་ཁྱོད་ནི་དཀར་ཡོལ་རྟགས་བརྒྱད་བྱོས།།
ང་དངུལ་གྱི་ཁ་ཤན་ཡིན་ཁུལ་བྱེད།།
ངས་ཁྱོད་ཀྱི་ཁ་འབྲས་མཐོང་ཙམ་གྱིས།།
ཞེ་དགའ་བ་བྱེ་བ་ཕྲག་བརྒྱར་བྱུང་།།
ཡང་མ་མཐོང་ལོ་ཟླ་ཞག་དུས་སུ།།
ཡི་མུག་པ་ཉིས་འགྱུར་ཉིས་འགྱུར་བྱུང་།།
དེའི་ཕྱིར་ན་ཁྱོད་ཀྱི་མགོ་ལུས་ཤར།།
གནོད་ཅི་ཡོད་སྔོན་འགོག་ང་ཡིས་བྱེད།

དཔེ་བཞག་ན་ཡར་མཐའི་ཟླ་བ་བཞིན།།
ཁྱོའི་དགྱེས་ཞལ་དེ་བས་ཡན་ཞིག་རེད།།
ཆགས་བཞག་ན་དངུལ་དཀར་མེ་ལོང་ལྟར།།
ཁྱོའི་སེམས་གཤིས་དེ་ལས་དཀར་ཞིག་རེད།།
དེ་ཡིན་པས་སེམས་ཁོག་ཁྱོད་ལ་གཏད།།
ངས་རང་ཡོད་ཇི་དགུ་ཁྱོད་ལ་གནང་།།
དོན་དེའི་ཕྱིར་བརྩེ་བའི་གཡང་སྒམ་གྱི།།
ཟྭ་དང་ནི་ལྡེ་མིག་འུ་གཉིས་བྱེད།།

ཞེ་དམ་བཅའི་ཨ་ལོང་དགུ་བརྩེགས་མ།།
ཡང་ཡང་ལོང་བྱེ་བ་ཕྲག་བརྒྱ་མར།།
ཁྱོད་ཁོ་ནའི་སེམས་དང་ཁ་འབྲས་གཉོར།།
ཁྱོད་གཏན་དུ་ཞེ་ཁྲལ་མེད་གྱུར་ན།།
ངའི་སྲོག་གི་གཟུངས་མ་ཁྱོད་ཉིད་བྱེད།།

༈ རབ་བྱེད་གཉིས་པ།

ཁ་སང་གང་དུ་སྒེག་པའི་ཞབས་བྲོ་ལྡིང་།།
དེ་རིང་གང་དུ་མགུར་གྱི་འཇིག་རྟེན་སྐྲུན།།
འདོད་པའི་གཟེབ་ལ་ཚུད་པའི་གང་ཁྱུ་ཡི།།
ཡིད་ཀ་འགུལ་བའི་ས་བོན་ག་ཙམ་གཏོར།།
ཁྱོད་ལ་མ་བཅོས་བརྩེ་བའི་རུ་མ་ཡོད།།
ཁྱོད་ལ་མ་བྱང་སྙན་མགྲིན་རང་འཁོར་ཡོད།།
ཁྱོད་ཀྱི་འཇམ་པའི་གཤིས་ཀ་མཚར་བ་དེས།།
བྱང་ཁོག་ཐང་དུ་མེ་ཕུང་སྐོར་བྲོ་འཁྲབས།།

སྔ་དྲོར་ཉི་མའི་འོད་ལ་ཆིབས་པའི་ཞལ།།
ཕྱི་དྲོར་འཛུམ་པའི་གྲུ་ཁྱེམ་འདྲེན་པའི་མ།།
དེ་རིང་ཞོགས་པར་མཇལ་བའི་ཞལ་ཁ་དེས།།
ཚོད་མེད་སེམས་སུ་བག་ཆགས་རིང་མོ་བྲིས།།
ཁྱོད་ནི་གངས་ཀྱི་རྩེ་མོར་ཕོག་པའི་འོད།།
ཁྱོད་ནི་དབྱར་གྱི་ཐང་གི་ཨུཏྤལ་ལགས།།
ཁྱོད་ཀྱི་ངང་བའི་མཆུ་སྒྲོས་དམར་བ་དེས།།

༈ རབ་བྱེད་གསུམ་པ།

མཇལ་བའི་རི་མོ་པིར་གྱིས་བྲིས་པ་ན།།
རེ་བའི་སྐར་ཆེན་ཉིན་མོར་ཤར་བ་ན།།
གདོང་གི་ཉི་ཟླ་དལ་གྱིས་སྒེག་པ་དང་།།
མཚར་བའི་འགྲམ་དང་ཉེ་བའི་འཛུམ་པ་དེས།།
ང་ལ་ཚོད་མེད་ཞེན་ཆགས་གཞས་སུ་དཀྲོལ།།
ད་དུང་ཡིད་ལ་དྲན་པའི་ན་རོ་བཞེངས།།
འདི་ནི་ཚེ་རབས་ཤིག་གི་ལན་ཆགས་སམ།།
ཡང་ན་སྨོན་ལམ་ཞིག་གི་དབུ་ཁྱུད་ཡིན།།

འཛོམས་པའི་ཚེས་རུ་ལས་ཀྱིས་འཁོར་བ་ན།།
སྒུག་པའི་གྲིབ་མ་སྐབས་སུ་དྭངས་བ་ན།།
འོ་བུམ་ཟུང་གི་ཕྱག་རྒྱ་གྲོལ་བ་དེས།།
ཨེ་ཧོ་བདག་ཡིད་མྱོས་པའི་གར་མཁན་བྱས།།
ད་དུང་ལྗགས་ཀྱིས་བདེ་བའི་ལྷ་སྲུང་བོས།།
དེ་མིན་བརྩེ་བའི་གཟུངས་ཚིག་གཏམ་དུ་གློད།།
སྐབས་རེར་མཇལ་བ་དེ་ཡི་རང་བཞིན་ནི།།
མཚོན་ནས་བཤད་ན་བདེ་བ་ཅན་གྱི་གནས།།

སྲིད་པ་མིག་མེད་འདི་ཡི་པང་གཞུང་ནས།།
སྐྱེ་འཆིའི་མེ་ལོང་ནག་པོ་མ་གྲུབ་བར།།
གཟུངས་མ་ཡིད་ཀྱི་གཡའ་དག་ཅ་བོ་ཡིན།།
གཟུངས་མ་སེམས་ཀྱི་དགའ་སྐྱོའི་བྲོ་ར་ཡིན།།
གཟུངས་མ་བགྲང་བྱ་བརྒྱད་ཀྱི་རྗེས་ཤུལ་ནས།།
ང་ཡི་ཉི་ཟླ་འཁོར་བའི་ནམ་མཁའ་ཡིན།།
དེ་བས་ལས་ཀྱི་ཆུ་ཐིགས་མ་སྐམ་ན།།
གཟུངས་མའི་རབ་བྱེད་རྫོཊ་པའི་ལོ་རབས་མེད།།

༈ རབ་བྱེད་བཞི་བ།

ཤིན་ཏུ་ཉེ་བར་སྙམ་པའི་རྒྱང་རིང་ནས།།
རི་རྩེའི་སྤོ་ལ་རྡེབ་པའི་ཉེ་གམ་ནས།།
ཟུང་གསུམ་མཚན་གྱི་རི་མོ་ཁྱོད་ཡིན་ན།།
ངས་ནི་མཚན་མོ་དཔེ་རུ་བཀོད་ནས་ནི།།
དེ་ཡི་ལྗོངས་སུ་ཚིག་གི་མལ་སྟན་ཤམ།།
སྙམ་པའི་ཐ་སྙད་དག་གིས་མལ་གོས་བཟོ།།

རྟག་ཏུ་འདོར་མི་ཐུབ་པའི་ཞེན་ཆགས་དང་།།
ཧ་ཅང་ཧ་ཅང་ཡིན་པའི་ཡོད་ཚད་དེ།།
ལས་ཀྱིས་ཁྱོད་དང་མཉམ་པ་ཡིན་གྱུར་ན།།
ངས་ནི་མཚར་བ་དཔེ་རུ་བཀོད་ནས་ནི།།
མི་འགྱུར་གཟུངས་ཀྱི་འབུར་མ་དེ་དག་ཀྱང་།།
ལག་པའི་འཛུབ་མོས་བྲང་གི་ངོས་སུ་བྲི།།

སེམས་ལ་རྒྱང་རིང་མེད་ཀྱང་རྒྱང་རིང་གི།
ཁྱོད་ཀྱི་འཁོར་བ་དེ་ཉིད་སེམས་ཀྱིས་གཉོར།།
ངག་ལ་རྣམ་ཤེས་མེད་མོད་རེད་དེ་དེས།།
ཁྱོད་ཀྱི་བདེ་སྡུག་ཀུན་པོ་གཞས་སུ་དྲངས།།
དེ་མིན་ལན་ཆགས་ཤིག་དང་རེ་སྨོན་དུ།།
ཁྱོད་ནི་ང་ཡི་མེ་ཏོག་བླ་མ་ཡིན།།

༈ རབ་བྱེད་ལྔ་བ།

ཁ་འབྲས་ཉ་གང་ཟླ་བའི་གཤིས་ལུགས་སུ།།
མ་བཅོས་ཤ་ཡི་མིག་ཟུང་ངོ་མཚར་བ།།
བཞད་ན་སྒོ་གསུམ་འཕྲོག་པའི་འཛུམ་པ་དེས།།
ཡང་ཡང་ཞེན་ཆགས་ཟབ་པའི་ཁང་བར་ཁྲིད།།

ང་ལ“ཡོད་ཚད”ཅེས་པ་ཆེར་མེད་ཀྱང་།།
དགའ་སྐྱོ་ཟུང་འཇུག་ཐེག་པའི་ནང་སེམས་སུ།།
ལན་ཆགས་ལས་ཀྱིས་འཁོར་བའི་རི་དྭགས་མིག།
ཅིས་ཀྱང་ཁྱོད་ནི་སེམས་ཀྱི་ནམ་མཁའ་ཡིན།།

འབྲལ་ན་མིག་ཆུ་ཁྱོར་བ་སྟོང་དང་ཕྱེད།།
འཛོམས་ན་དགའ་བས་འཁྱུད་པ་གྲངས་མེད་པ།།
དེ་ནི་བཟོ་བཅོས་མིན་པའི་བར་ཐག་སྟེ།།
དཔེར་ན་མཚོ་དང་དེ་ཡི་ཉ་མོ་བཞིན།།

རྡུལ་བྲལ་ནམ་མཁའ་ཡངས་པོའི་ཁྱོན་ཟུར་དུ།།
སིམ་སིམ་འོ་ཟི་འཁྱུག་པའི་མཚར་བ་བཞིན།།
སྐད་ཅིག་ཙམ་ཡུན་འཕྲད་པའི་དངོས་ཞལ་གྱིས།།
ཞེ་ལ་ཡ་མཐའ་མེད་པའི་བག་ཆགས་བཞག།

སེམས་ཀྱི་བེའུར་འཁྱུད་པ་ཁྱོད་གཅིག་ལ།།
གཏམ་གྱི་བག་ཚ་བདེན་པའི་ངར་ལ་དྲངས།།
ཡིད་ཀྱི་དགའ་བ་ལྷུང་བའི་ཁྱོད་ཉིད་ལ།།
རྒྱང་ནས་དྲན་པ་འཐག་པའི་ཚིག་འདི་ཕུལ།།

༈ རབ་བྱེད་དྲུག་པ།

ཟླ་བ་དགུ་བའི་སྨད་ཀྱི་ཚེས།།
རྩ་བཞིའི་མཚན་གྱི་ལྗོངས་དེ་ལ།།
དངོས་བྱུང་མིན་པའི་རྨི་ལམ་ནས།།
ཁྱོད་ཉིད་མཇལ་བའི་སྣང་ཚུལ་དང་།།
ཧ་ཅང་མཚར་བའི་མིག་ཟུང་དེས།།
ཡིད་ཀྱི་གཏིང་ལ་མགུར་མ་འཁྱུགས།།

སད་མ་ཐག་ཏུ་སེམས་གཏིང་དུ།།
ཡ་མཚན་ཞིག་གི་ཚོར་བ་འཁོར།།
དེ་ནི་བདེ་སྐྱིད་གཞན་ཞིག་སྟེ།།
མཚོན་ནས་བཤད་ན་མི་ནུས་ཤིང་།།
བྲིས་ཀྱང་ལེགས་པར་མི་འཁྱོང་བའི།།
ཚེ་རབས་ཤིག་གི་སྒྲུང་རིང་ཡིན།།

ནམ་མཁའ་སྔོན་པོའི་དཀྱིལ་འཁོར་གྱི།།
ཆུ་འཛིན་དཀར་པོ་ཁྱེད་ཡིན་ན།།
ལེབ་མོ་འཁྱུགས་པའི་པང་ཀ་ནས།།
འཕུར་བའི་བྱེའུ་ཆུང་ང་ཡིས་བྱེད།།
དེ་ནི་བརྩེ་བའི་མཁར་ཆེན་གྱི།།
མི་འགྱུར་ཚིག་གི་གསེར་ཏོག་ཡིན།།

༈ རབ་བྱེད་བདུན་པ།

ཨ་ཙི་ང་ཡི་གཟུངས་མ་ལགས།།
འཛུམ་པར་སུ་ཞིག་འཁྱུད་མྱོང་ངམ།།
ཡང་ན་མཚར་བའི་ཕྱག་ཟུང་གིས།།
སུ་ཡི་གདོང་གི་རྡུལ་རྣམས་བཀྲུས།།
འཕྱང་མོ་ཉུག་དང་བྲལ་བ་སྟེ།།
རྣམ་དག་བརྩེ་བའི་རང་བཞིན་ཅན།།
མ་བཅོས་ན་འང་བློ་དཀར་བའི།།
དཀྲི་ག་འཁྱུག་པའི་ན་མཉམ་མ།།

དགའ་སྐྱོ་ཟུང་གི་འཁོར་བ་ནས།།
སྒྱུ་མ་འཕྲུལ་གྱི་བྱེ་ཐང་ནས།།
མྱུར་བའི་སྲུང་མ་མ་ཡིན་ཡང་།།
ཡིད་ཀྱི་ཁ་ཁྱེར་བདག་གིས་བྱེད།།
འགྲམ་པ་གཡས་སུ་ཚེས་རུ་འཁྱིལ།།
གཡོན་དུ་འཛུམ་པ་རང་འཁོར་མ།།
མ་བྲིས་སེམས་ཀྱི་ཨ་ཡིག་ལགས།།
ལས་ཀྱིས་གནང་བའི་ཚེ་གཟུངས་ཡིན།།

ཁྱོད་ཀྱི་ཞལ་དང་ཁྱོད་ཀྱི་ཚེམས།།
ད་དུང་བུམ་ལྟར་དམར་བའི་མཆུ།།
ཐམས་ཅད་ཁོ་བོས་འདིར་བྲིས་པའི།།
འཕྲིན་པ་འདི་ཡི་ཚེག་དང་ཤད།།
འདི་ཀོ་སེམས་ཀྱི་གཏིང་རིམ་ནས།།
ཁྱོད་ལ་ལན་གཅིག་བོས་པ་དེ།།
མྱུར་བར་ཕེབས་ཤིག་ཚེ་གཟུངས་མ།།
བརྩེ་བའི་ཆང་ལ་ཞབས་བཏེགས་མཛོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*