ཞར་བཀོད་བདུན།

                                           གཡེ་རུས་རྐང་།

ཡུལ་ལྗོངས། 

མི་རྣམས་ཀྱིས་སྐྱོ་གདུང་མེད་ཁུལ་གྱིས
མུན་པའི་ར་བ་ན་མེ་ཏོག་གི་སྐྱེད་ཚལ་འདེབས
ཉི་འོད་ཀྱི་ནམ་མཁའ་མི་མཐོང་བའི་གནས་ཡུལ་དེར

མུན་པའི་ལྷིང་འཇགས་སླར་འཁྲུགས་ཏེ་སེམས་ངལ་གྱིས་གདུང
མེ་ལོང་རྡུལ་གྱིས་གཡོགས་པ་ནི་དྲི་བཅས་དེ་བཞིན་ཉིད་དང
མེ་ལོང་རྡུལ་དང་བྲལ་བ་ནི་དྲི་མེད་དེ་བཞིན་ཉིད་དུའོ

དུས་ཚོད་ཀྱི་ཡལ་ག་ལ་ཆགས་འཇིག་བྱུང་བ་ནི
བསྐལ་བ་སྔོན་མ་དང་ད་ལྟའི་བར་གྱི་དོགས་སློང་ཞིག་རེད
མི་རྣམས་ཀྱིས་དུས་ཚོད་ཀྱི་ཡང་སྙིང
བསྐྱར་ཟློས་ཤིག་ཏུ་ངོས་བཟུང་ནས
ཁ་སང་གི་དུས་ཚོད་ཀྱི་གོ་རིམ་ལ་དེ་རིང་ལྡབ་སྐྱོར་ཞིག་བྱས་པ་དེའོ

རྩིག་ལྡེབས་ངོས་སུ་བཀར་བའི་ཐ་སྙད་ཀྱི་འཁྱག་གྲང
སྙིང་ལ་གཟིར་བའི་ངག་ལྐུག་པར་གྱུར་བའི་བོར་སྟོར་དེའོ

ཁ་ཕྱོགས་གང་ཡིན་བདམས་ཐོན་མ་བྱུང་གོང
མུན་པས་སྟབས་སྟབས་པོར་ལོག་ལམ་དུ་འཁྲིད་པར་བྲེལ
ལས་ཀྱི་བར་སྟོང་དུ་ཆགས་པའི་རྨོངས་པའི་བར་གྱང་རེ་རེ་བཤིག་རྗེས
དུས་ངེས་པའི་ས་ཚིགས་ཤིག་གི་དཀྱོགས་མཚམས་སུ་ཐོན་དུས
གྲང་འཁྱག་གི་དགུན་གཞུང་ཞིག་གཞི་ནས་ཚེས་འདུག

2021 9 8

དུས་ཚོད་ཀྱི་བར་སྟོང་།

ཞོགས་པར་ནམ་ལངས་པ་དང་མཉམ་དུ
དུས་ཚོད་ཀྱི་ལྷིང་འཇགས་ཡུན་ཙམ་ལ་འགག

ཉིན་གཅིག་གི་དུས་ཚོད་ལ་སྤྱི་སྡོམ་ཞིག་རྒྱག་དུས
ང་རང་ཉིད་ལ་དབང་བའི་མཇུག་མཐའི་ཐོབ་སྐར་ནི
སྒྱིད་ལུག་དང་སྟོང་བསམ་གྱིས་བརྡར་པའི་དུས་ཚོད་འདོམ་གང་རེད

སྐབས་རེར་ང་རང་དུས་ཚོད་ཀྱི་དལ་བྲེལ་ལ་ཧ་ཅང་ཞེད་སྣང་སྐྱེ་འོང
འོན་ཀྱང ངས་ཁྱོད་ཀྱི་འཚོ་བའི་དལ་བྲེལ་ལ་གཏན་ནས་ཁེངས་སེམས་སྐྱེས་མྱོང་མེད

སྐབས་རེར
བརྗོད་འདོད་ཀྱི་སྐད་ཆ་མང་པོ་ཞིག་མགྲིན་པར་འཚང་འོང་ན་ཡང
ངའི་ཁ་ལྕེ་ལྷིང་འཇགས་ཀྱིས་ཕྱིད་འདུག་པས
སྐད་ཆ་ཁ་ཤས་ནམ་ཡང་བརྗོད་ཐབས་མི་འདུག

ང་སྡོད་སའི་འཁོར་ཡུག་འདི་ཧ་ཅང་ལྷིང་འཇགས་ཡིན་སྟབས
སྐབས་རེར་ང་རང་ཉིད་ཀྱང་གསོན་ཡོད་མེད་སྙམ

དུས་ཚོད་ཀྱི་ཡང་སྙིང་སུས་ཀྱང་རྟོགས་དཀའ་བ་བཞིན
ང་ཚོས་རང་རང་གི་མི་ཚེ་ལ་འབྲེལ་བ་ཡོད་པའི་འཁོར་ཡུག་དག
ནམ་ཡང་དུས་ཚོད་ཁོ་ན་ལ་དབུལ་མི་འོས

2021 9 28

ངོས་གཞན་ཞིག

ལུས་པོ་འདིས་ཅི་ཞིག་ལ་འགོག་སྲུང་བྱེད་པ་བཞིན
ཚ་གྲང་གཉིས་ལ་གཡོལ་ཐབས་མེད་པར་ཁ་གཏད་དུ་འགྲེང་ནའང
འཆི་བ་ནི་ཅིས་ཀྱང་འགོག་ཐབས་མི་འདུག

རྣམ་ཀུན་འཁྲུལ་སྣང་ལས་སྐྱེས་པའི་དུས་ཚོད་དག
མི་རྣམས་ཀྱི་མི་ཚེའི་ཆགས་འཇིག་ལ་འབྲེལ་བ་དམ་ཟབ་ཅིག་ཡོད་ནའང
ཁོ་ཚོས་དུས་ཚོད་དེ་ནི་རིན་ཐང་ཅན་ཞིག་ཏུ་བསྒོམས་ནས
དེ་ལ་ལྷ་ལ་སོགས་པ་ལྟ་བུའི་འདུ་ཤེས་བཟུང

གློག་རྡེག་ཏུ་སུན་སྣང་བན་བུན་ཞིག་མིག་མདུན་དུ་འཐིབས་ཡོང་པ
འཁོར་བའི་འདུ་ལོང་གི་དུས་ཚོད་ཁོ་ན་ཞེན་པ་ཡིན་ནའང
མི་རྣམས་ཀྱིས་དེ་ལས་ལོགས་སུ་ཁག་དཀྲི་ངན་གཡོ་བྱེད་ཀྱིན་འདུག

ང་ཚོ་ནམ་མཁའ་རུ་གནས་བཅའ་མི་ཐུབ་པ་བཞིན
རྡུལ་ཕྲན་གཅིག་གིས་ཁྱུར་མིད་དུ་གཏོང་ལ་ཉེ་ནའང
སོ་སོས་རྟག་པར་འཚོ་སྡོད་བྱེད་སའི་གནས་ཚང་བཅས་ཏེ
ཤི་བའི་རྗེས་སུ་རྣམ་ཤེས་ཆགས་སའི་བར་སྟོང་ཞིག་བཟོས

2021 9 29

མཚན་མོའི་ངལ་དུབ།

མེ་ལོང་མདུན་དུ་བཞག་ནས
ངས་རང་ཉིད་ཀྱི་ངོ་གདོང་ལ་ལྟ་ན་འདོད་ཀྱང
རང་གི་ངོ་གདོང་ངོ་མ་དེ་གཏན་ནས་མཐོང་ཐབས་མི་འདུག
གཏོས་ཆེ་བའི་མུན་ཁུང་ནས་གཏན་ནས་མཐོང་ཐབས་མི་འདུག་གོ

ཁ་ཕྱོགས་ངེས་མེད་ཀྱི་རླུང་བུ་ཞིག་ལྡང་རྗེས
ལུས་པོ་སོང་ཤུལ་གྱི་རྐང་རྗེས་དག་རེ་རེ་ནས་བསུབ་ཚར་འདུག
དེ་ལྟར་ཡིན་ན་དངོས་གནས་འཇིག་རྟེན་ལ་ཡིད་ཆེས་བྱེད་ཐབས་བྲལ

ད་ནི་འུ་ཚོའི་མིག་ཟུང་འདིའི་ཅི་ཞིག་བྱ
རང་རང་གི་མདུན་གྱི་རྐང་ལམ་དེ་ཡང་བདམས་ནོར་བྱས་འདུག

ས་སྲོད་ཀྱི་དུས་སུ
ང་རང་ཉིད་ནི་བྲེལ་འཚུབ་ཀྱིས་དེད་ཡོང་བའི
ཉིན་མོའི་གྲིབ་ཡོལ་ཙམ་ཡིན་པ་གཞི་ནས་རྟོགས་བྱུང
ས་རུབ་ཚར་རྗེས
ངས་རང་གི་གྲིབ་མའང་བོར་སོང་བས
ད་ནི་རང་ཉིད་ཆ་འཇོག་སའི་གནས་ཤིག་གང་ནས་བཙལ་ཨང

མཚན་མོ་འདིར
ཐོབ་ཤོར་སོགས་ཀྱི་ངོ་གདོང་མང་པོ་ཞིག་མུན་པའི་གསེང་དུ་བསྐུངས་འདུག
ད་ནི་བག་ཆགས་དང་སྡིག་སྒྲིབ་ཀྱིས་བཞེངས་པའི
རང་གི་ངོ་གདོང་ངོ་མ་ལ་བྱབས་ཁྲུས་ཡང་ཡང་བྱེད་ན་འདོད

ཡིན་ནའང
མཚན་མོ་འདིར་ངས་ཅི་ཡང་མཐོང་ཐབས་མི་འདུག་གོ

2021 9 19

འཆར་ཡན་གྱི་འགལ་འདུ།

དུས་ཚོད་ཀྱིས་ལྷོད་ཡངས་བཏང་ཐེངས་རེར
རྣམ་ཀུན་དུས་ཚོད་ཀྱིས་ང་ཚོ་བསྐྱབ་འོང་སྙམ་པའི་འཁྲུལ་སྣང་ལས
སྟོང་བསམ་ཁོ་ན་བཅངས་ནས་མི་ཚེ་ཟད་སོང་བའི་རྣམ་ཤེས་མང་པོ
ད་ལྟའང འཁྲུལ་སྣང་ཡུད་ཅིག་ལས་མ་འདས་པར་བར་དོར་འཁྱམ་གྱིན་འདུག

ཐ་སྙད་ཁ་ཤས་ཀྱིས་མཚོན་ཐབས་མེད་པའི་དོགས་གཞི
ཚིག་གཅིག་ཀྱང་བཤད་ལོང་མེད་པར་མགྲིན་པ་བརྣངས་སོང་བ་བཞིན
སེམས་པ་འདི་ཡང་ཉེས་ཅན་ཞིག་ལྟར་ཉམ་ཆུང་བའི་གནས་སུ་ལྷུང

ངའི་མིག་མདུན་དུ་ཧ་ཅང་ཡིད་འོང་གིས་བཞད་པའི་མེ་ཏོག་དག
ནམ་ཞིག་གི་ཚེ་འདབ་མ་རེ་རེ་བཞིན་ལྷག་མེད་དུ་འཐོར་འགྲོ་སྙམ་དུས
ས་གཞི་ཐམས་ཅད་ཆུས་འགེངས་ནས་མི་སྡུག་པའི་ཏིང་ངེ་འཛིན་སྒོམ་ནས
སྐད་ཅིག་མ་གཅིག་གི་དུས་ཡུན་ལ་རྟོགས་པ་འཕེལ་ན་སྙམ

ད་ནི་མིག་ཟུང་གིས་ཅི་ཞིག་སྒུལ་ཐུབ་བམ
དལ་གྱིས་ལྡང་བའི་བསིལ་རླུང་ཡང་མོ་དེས་ཀྱང
ངའི་སེམས་སུ་ཡུན་རིང་ལ་ལྷག་པའི་སྟོང་ཆ་དག་སྐོང་ཐུབ་ཀྱིན་འདུག

2021 9 23

ད་ལྟའི་ང་རང་།

ཡུན་ཙམ་ལ་ལྷིང་འཇགས་སུ་གནས་པའི་ཁང་སྟོང་དེར
མུན་པ་མཐུག་པོས་གཡོགས་པ་ནི
ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ནའང
ང་རང་ཉིད་མུན་པ་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པ
དེ་རིང་གཞི་ནས་ཧ་གོ་སོང
དེ་ནི་ཁེར་རྐྱང་གི་སྐྱོ་བ་རིགས་ཤིག་གིས་མར་གནོན་ཡོང་དུས
དེ་ནི་མུན་པ་ཁོ་ནའི་བྱེད་ལས་རེད་བསམས
ད་ནི་ཧ་ཅང་ཁུ་སིམ་གྱིས་མནར་དྲགས་པས
མཚན་མོ་ཁོ་ན་དྲན་བྱུང
འབྱུང་འགྱུར་དང་དུས་འདས་པའི་དུས་ཚོད་དག་བརྗེད་འགྲོ་བར
ང་ལ་སེར་སྣ་གང་ཡང་མེད་མོད
ད་ལྟའི་མེ་ལོང་ནང་འཆར་བའི་ང་རང་ཉིད
ག་དུས་ཤིག་ཏུ་འགྱུར་འགྲོ་བའི་ཕངས་སེམས་སྐྱེ་འོང

2021 9 23

སྟོན་མཇུག་འདིར།

སྟོན་མཇུག་འདིར
ཡོད་ཚད་འཁྱག་གྲང་གིས་ཕྱིད་པ་ལྟར
སྡོང་ལོ་རེ་རེ་དལ་གྱིས་ས་རུ་འཐོར་གྱིན་འདུག
སྟོན་ཁ་འདིའི་མཇུག་ཏུ་དགུན་གཞུང་རིང་མོ་ཞིག་ཡོད་བསམ་ན
ངའི་དོན་ལྔ་སྣོད་དྲུག་ལ་འཁྱག་སྣང་ཞིག་འཆར་འོང

སྟོན་མཇུག་འདིར
ཡོད་ཚད་སྨྲེང་སྐྱོ་ཁོ་ན་ཞིག་རེད
མི་ཚེ་ཚེ་མཐར་གཏུགས་ཟིན་པའི་ཁ་དོག་སྣ་ཚོགས་ཀྱིས་གྲུབ་སྟངས་ལ
ཞིབ་ཏུ་ཉན་ན་འཆི་བའི་སྒྲ་ཁོ་ན་གྲག
ལོ་མ་རེ་རེ་བཞིན་ས་རུ་ཐོར་རྗེས
མཇུག་ཏུ་ཡ་ང་བའི་ཡལ་ག་ཁོ་ན་སྟོང་དབྱིངས་སུ་ལྷག་སྲིད

སྟོན་མཇུག་འདིར
མཐོང་སྣང་གི་དངོས་པོ་དག་ལས་བྲེལ་འཚུབ་བཞུར
ཤིན་ཏུ་སྐྱོ་ཨང
དུས་ཚོད་ཀྱི་བར་སྟོང་ལ་ཐ་སྙད་ལྷག་འཕྲོ་འགའ་ཡང
སྒྲིག་ལོང་མེད་པར་སྟོན་མཇུག་ཏུ་གཏུགས

སྟོན་མཇུག་འདིའི་ས་སྲོད་རེ་རེར
མི་རྣམས་ཀྱིས་དྲན་གདུང་གིས་དཔུང་གཏུག་རྒྱག་བཞིན
ཉི་ནུབ་མང་པོ་ཞིག་ཁེར་རྐྱང་གིས་བསྐྱལ

གཏོས་ཆེ་བའི་མུན་པ་མཐུག་པོ་གོས་སུ་གྱོན་ནས
སྒྱིད་ལུག་གི་ཁང་ཆུང་ནང་ནས་མེ་སྒོང་རྒྱག་དུས
ད་ནི་མི་རེ་རེའི་བརྩེ་བའང་འཁྱག་གིས་བསྡམས་པའི་དུས་ལ་སླེབས་འདུག

2021 9 11

དུས་འདས་པ།

སྐད་ཅིག་མ་གཅིག་གི་དུས་ཡུན་ནི
སེམས་ཀྱིས་དཔོག་ཐབས་བྲལ་ནའང
དུས་ཡུན་ཐུང་ཐུང་འདི་ལ
སྡོང་ལོ་རེ་རེའི་ཁ་དོག་སེར་པོར་གྱུར་འདུག

དུས་ཚོད་ནི་སྒྲོག་ལས་ཤོར་བའི་རྟ་རྒོད་བཞིན
ཕྱིར་འདང་མེད་པར་ངའི་ངོ་གདོང་ལ་དམིགས་མེད་དུ་བརྫིས་ནས
གདོང་ལ་གསང་ཐབས་བྲལ་བའི་རྒས་པའི་གཉེར་མ་བསྡུས

འུ་ཐུག་པའི་ཁྲུང་ཁྲུང་དག་ནི་འདུག་བཟོད་མེད་པར
ཞེན་ཆགས་ཀྱི་ལས་དབང་ལ་བསྒྱུར་བཅོས་བཏང་ནས
ཁོ་ཚོས་ཁྱོན་ཆེ་བའི་ནམ་མཁའ་ཁོ་ན་ལ་ཡིད་རྟོན་མེད་པར
སྟོན་མཇུག་འདིར་རེ་རེ་བཞིན་རྒྱང་དུ་འཕུར་སོང

བྱ་ཁྱུ་ལྷོ་ལ་འཕུར་ཤུལ་དུ
ངས རང་གི་སྐྱོ་བ་རིགས་ཤིག་ལ་བཀོད་འདོམས་བྱས་རྗེས
གྲང་ངར་ཆེ་བའི་དགུན་གཞུང་ཞིག་བརྒལ་དགོས་པར་བློས་བླངས་བྱས
ཡང་ཅིག་བཤད་ན་འདི་ནི་ཆེས་མཐའ་མཇུག་གི་སྟ་གོན་ཡིན་ཡང་སྲིད

ལོ་མ་སེར་པོ་ཞིག་དལ་གྱིས་ས་ལ་ཐོར་བ་དེས
ངས འདས་སོང་གི་ལི་ཐོ་དག་བམ་ཀློག་ཅིག་མི་བྱེད་ཐབས་མེད་གྱུར
ཏག་ཏག་དུས་སྐབས་འདི་ནི་སྨེང་སྐྱོ་ཁོ་ནའི་དུས་སྐབས་ཤིག་ཡིན་ནའང
ངས དུས་ཚོད་ཀྱི་དལ་མགྱོགས་ལ་གཏན་ནས་འཁང་ར་བྱས་མྱོང་མེད

2021 9 7 སྟོན་མཇུག་ཏུ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*