སྙན་ངག་མཚོན་ཆའི་འཁོར་ལོ་ཞེས་བྱ་བ།

                                        ཐོར་བུ། (དཀར་མཛེས།)

འཕགས་པ་ཀླུ་ཡིས་འདོད་པའི་བསྟན་བཅོས་བརྩམས།།
ཚངས་དབྱངས་པས་ཀྱང་བྱམས་པ་རྐྱང་རྐྱང་བྲིས།།
འབྲུག་པ་ཀུན་ལེགས་མི་ཕམ་དགེ་ཆོས་སོགས།།
འདོད་རྩོམ་འདྲ་མིན་འབྲི་མཁན་ཉུང་ཉུང་མིན།།

དེང་སང་སྙན་ངག་སྨྲ་བའི་ཁྱུ་མཆོག་སྟེ།།
དགེ་བཤེས་འཇིགས་མེད་པས་ཀྱང་བུད་མེད་འབྲི།།
ང་དང་རྩོམ་གྲོགས་འགའ་རེ་འདི་ལྟ་བུའི།།
སྙན་ངག་ཙམ་རེ་བྲིས་ན་ཅིས་མི་ཆོག།

སོ་སྐྱེས་རྣམ་རྟོག་ཆུ་འཛིན་ལྡིང་ཁང་ནས།།
དགའ་སྐྱོ་ཚོར་བའི་ཆར་བ་དྲག་ཏུ་འཇོ།།
དེ་ལ་དགག་པ་བརྒྱབ་ན་དཀའ་ཙམ་ལས།།
འགྲོ་བའི་དོན་རེ་འགྲུབ་པ་མི་ཡོང་སྙམ།།

ཀ་དག་ཆོས་དབྱིངས་མངོན་སུམ་མ་རྟོགས་ཀྱང་།།
ཁ་འདོན་ཙམ་རེ་བཏོན་ནས་མི་སྡོད་པར།།
ག་རེ་འདྲ་མིན་ལབ་པའི་བླུན་རྒན་ཚོས།།
ང་ཅག་ཚོ་ལ་དགག་པ་རྒྱག་ཁུལ་བྱེད།།

ཅ་ཅོ་སྨྲ་བ་མེད་པར་སྙན་ངག་གི།
ཆ་ལག་ཡོངས་སུ་རྫོགས་རྒྱུ་དཀའ་ན་ཡང་།།
ཇ་ཡུན་རེ་ལ་མིང་ཚིག་མང་བྲིས་ན།།
ཉ་རེ་ཉོར་རེར་བསྡད་པ་ཙམ་ལས་བཟང་།།

ཏ་ཐཱའི་བསྟན་སྒོར་ཞུགས་པའི་གྲྭ་ཡིས།།
ཐ་ན་སྙན་ངག་བྲིས་ན་མི་ཆོག་ཅེས།།
ད་ལྟའི་དུས་སུ་སྨྲ་མཁན་ཡོད་ན་ཡང་།།
ན་ཚོད་མ་རྫོགས་བྱིས་པའི་ཐལ་རྩེད་འདྲ།།

པ་ར་པི་རིར་སྡོད་པའི་ཁྱོད་འདྲ་བ།།
ཕ་མའི་རིགས་གཞུང་མི་སློབ་རྣམ་པར་གཡེང་།།
བ་གླང་ལྟར་དུ་མི་ཚེ་སྐྱེལ་བ་ལས།།
མ་ཡིག་འདི་ལ་འཁྱུད་ནས་ཤི་ན་དགའ།།

ཙ་ཚ་ཙ་ཝ་ཀློག་སྦྱོར་སྦྱོང་དུས་ནས།།
ཚ་སྐྱུར་འདྲེས་མའི་སྙན་ངག་འདི་ལ་དགའ།།
ཛ་དྲག་གནས་ཚུལ་ག་རེ་བྱུང་སོང་ཡང་།།
ཝ་ལྟར་བྲོས་ཏེ་སྙན་ངག་འདི་མི་སྐྱུར།།

ཞྭ་རིགས་འདྲ་མིན་གྱོན་པའི་རྩོམ་པ་པོའི།།
ཟ་རིགས་སྣ་ཚོགས་འདྲ་བའི་རྩོམ་རིགས་ལ།།
འ་འུར་ཟང་ཟིང་བྱ་བ་དག་བསྐྱུར་ནས།།
ཡ་ཁོག་སྙིང་ནས་བཀླགས་པར་ཕྲག་མ་དོག།

ར་མིན་ལུག་མིན་སྐད་བཤད་ཞོར་དུ།།
ལ་ཕུག་རྙིད་པོ་འདྲ་བའི་ཚོར་མེད་ཚོས།།
ཤ་གོང་གཅོད་པའི་ཚོང་བ་ཇི་བཞིན་དུ།།
ས་ཆ་གང་ནས་རྩོམ་རིགས་སྨོད་དང་ཆོག།

ཧ་ཅང་དྲང་པོ་ཡིན་མིན་བལྟས་ན་གསལ།།
ཧ་ལམ་རྒྱུ་མཚན་མེད་པ་སུས་མི་ཤེས།།
ཨ་རོགས་རྩོམ་འདིར་དགེ་མཚན་ཧ་ཅང་ཆེ།།
ཨ་ལ་རང་རང་སོ་སོའི་སེམས་ཁམས་རེད།།

རྩོམ་འདི་རིན་ཐང་ཧ་ཅང་ཆེ་དྲག་པས།།
ས་སྟེང་རིན་ཆེན་གསུམ་གྱི་ཡ་གྱལ་དུ།།
འཇམ་པའི་དབྱངས་དངོས་ཤར་ཀྱི་ཙོང་ཁ་པས།།
བགྲངས་པ་ང་དང་ཁྱོད་ལ་གསལ་ཙམ་ཡོད།།

སྔོན་ཚེ་ཐུབ་པ་རྫོགས་སངས་མ་རྒྱས་གོང་།།
སྙན་ངག་གཅིག་གིས་དམ་པ་བསྟོད་པ་ཡིས།།
ཚོགས་ནི་རྒྱ་ཆེར་རྫོགས་ཞེས་མདོ་ཡི་ནང་།།
གསུངས་པ་འདིས་ཀྱང་སྙན་ངག་བཟང་བ་མཚོན།།

རྒྱ་གར་ཡུལ་གྱི་མུ་སྟེགས་གྲུབ་མཐའ་བ།།
དབྱིག་པ་ཅན་གྱི་སྙན་ངག་མེ་ལོང་མར།།
འཕགས་བོད་མཁས་པ་ཉི་ཟླ་ལྟ་བུ་ཚོས།།
འགྲེལ་བ་སྣ་ཚོགས་མཛད་འདིས་ཅི་ཞིག་མཚོན།།

བོད་ཀྱི་རིགས་གནས་བཅུ་ཞེས་བགྲེང་དུས་ན།།
སྙན་ངག་འདི་ཉིད་མེད་ན་དགུ་རུ་འགྱུར།།
ཁྱོད་དང་ཁྱོད་ལྟས་ལེགས་པར་མ་མཐོང་བ།།
སྙན་ངག་གཙོག་པར་སྒྲུབ་བྱེད་འགྲོ་འམ་སོམ།།

རྒྱ་གར་ཡུལ་གྱི་སློབ་དཔོན་ནག་མོ་ཁོལ།།
བོད་ཀྱི་ཡུལ་དུ་ཞང་ཞུང་ཆོག་དབང་གྲགས།།
ད་ལྟ་དུས་སུ་གཅན་བུ་རང་སད་སོགས།།
སྙན་ངག་སྨྲ་བའི་ཕྱི་པ་ནང་པ་མང་།།

འཁོར་འདས་ཆོས་ལ་བདེན་པར་ཞེན་པ་ཡི།།
བདག་འཛིན་སྤྲིན་པའི་བང་རིམ་གཏོར་ནས་ཀྱང་།།
ཆོས་དབྱིངས་མཛེས་མ་དབྱངས་ཅན་ལྷ་མོ་ཡི།།
པང་དུ་བདེ་བ་ཆེན་པོའི་མཆོག་ཐོབ་ཤོག།

སྙན་ངག་ཕྱོགས་ལ་བརྩོན་པའི་དགེ་བ་ཡིས།།
ངག་གི་རྩ་ཡི་མདུད་པ་གྲོལ་ནས་ཀྱང་།།
རྒྱལ་བ་སྲས་བཅས་ཚོགས་དང་དབྱེར་མེད་པར།།
འགྲོ་བའི་དོན་ཆེན་དཔག་མེད་འགྲུབ་པར་ཤོག།

སོ་སྐྱེས་རྣམ་རྟོག་རླུང་གིས་བསྒུལ་བ་ཡི།།
སོར་མོས་དག་ནི་ཕར་གཡོ་ཚུར་གཡོས་ཏེ།།
སྙན་ངག་སྨྲ་བའི་གྲལ་མཐའ་ཐོར་བུ་ཡིས།།
ཤར་མར་བྲིས་སོ་སརྦམངྒལམ།།
2021/9/1

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*